༣༽བོན་གྱི་བླ་སྤྲུལ་ཁག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ལ་
སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
སྨོན་གཤེན་ནམ་མཁའ་དབང་ལྡན།
ཁྱུང་དཀར་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་དབུ་འཛིན།
ཏི་སེའི་རང་མདངས།
བླ་རི་གངས་རྒྱལ་ཏི་སེའི་རང་མདངས་དང༌། །
བླ་མཚོ་མ་ཕམ་གཡུ་མཚོའི་ཟབ་ཚད་ཅན། །
བོན་གཞུང་ལྔ་རིག་ནོར་བུའི་བང་མཛོད་མཆོག །
འཛམ་གླིང་མཁས་བརྒྱའི་གཟིགས་མོར་བཤམས་ལ་སྤྲོ། །
མདོ་སྨད་རྩེ་ཞིག་དགོན་གྱི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་འོག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་ཡོངས་ལ་དགོས་གལ་ཆེ་བའི་བོན་གྱི་རིག་གཞུང་ཇི་སྙེད་ཅིག༼གངས་ཏི་སེ་བོན་གཞུང་རིག་མཛོད༽ཁང་ནས་གཙོ་སྒྲིག་བྱས་ཤིང༌། དཔེ་ཚོགས་འདི་ནི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་སྐོར་དང་བོན་དགོན་ཁག་ན་ཡོད་པའི་བཤད་སྒྲུབ་དོན་གཉེར་ཅན་ཡོངས། དེ་མིན་འབྲེལ་ཡོད་སློབ་གྲྭ་ཆེ་ཁག་སོགས་ལ་རིན་མེད་ཀྱི་ལེགས་ཕུལ་མཛད་པ་འདིས་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཞང་བོད་མཐོ་སྒང་གི་ཞིང་དུ་སྔར་ནས་དར་བ་རྣམས་མྱུར་སྐྱོབ་དང་དར་རྒྱས་གཏོང་བའི་བསྟན་པའི་ཆ་རྐྱེན་བསྐྲུན་པ་ཡིན་པས་བྱ་བཞག་འདི་ལ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།
དཔལ་གཤེན་བསྟན་ཁྱུང་དཀར་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་དབུ་འཛིན་སྨོན་གཤེན་ནམ་མཁའ་དབང་ལྡན་ནས་ཕུལ།
སེང་སྤྲུལ་རིག་འཛིན་ཉི་མ།
གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཞོན།
དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན།
ཉག་རོང་རྫོང་ཡེ་ཤེས་དགོན་པའི་མཁན་སྤྲུལ།
བསྔགས་བརྗོད་བྲག་དཀར་ལྷ་རྫོང་།
འདི་ན་སངས་རྒྱས་བཀའ་ཡི་ཉིང་བཅུད་དང་། །
གཟུར་གནས་མཁས་དབང་ལེགས་བཤད་དྲི་མེད་གཞུང་། །
མདོ་སྔགས་རྫོགས་རིམ་དགོངས་དོན་གཞིར་བྱས་ནས། །
འདི་ཕྱི་ཕན་བདེ་སྒྲུབ་པའི་ལམ་བཟང་ཡོད། །
མཁས་མང་དཔྱོད་ཤེས་ཐོན་པའི་འབེལ་གཏམ་དང་། །
གྲུབ་ཐོབ་ཉམས་མྱོང་ལས་བྱུང་མན་ངག་མཆོག །
བདེན་དོན་རྣམ་དཀར་སྦྲང་ཆར་རྒྱུན་འབེབས་ཏེ། །
ལུང་དང་རིག་པའི་རྒྱ་མཚོ་འཁྱིལ་བ་མཚར། །
དུས་གསུམ་སངས་རྒྱས་ཐམས་ཅད་དགོངས་བཅུད་ནོར། །
མ་བཅོས་ཡིན་ལུགས་བཀོད་པའི་ཚད་མ་ཡི། །
སྨིན་གྲོལ་བསྟན་པའི་དགའ་ཚལ་བཞད་མཛད་པའི། །
རྒྱལ་གཤེན་ཐུགས་དགོངས་ཉི་མ་མཁའ་རུ་དྲངས། །
བརྒྱད་ཁྲི་བཞི་སྟོང་བོན་སྒོ་ནམ་མཁའི་མཛོད། །
བཤད་སྒྲུབ་བསྟན་པའི་ཟླ་འོད་འབུམ་འཚེར་ཞིང་། །
སྲིད་ཞིའི་ཚ་གདུང་སེལ་བའི་གྲིབ་བསིལ་ཅན། །
བཅུ་ཕྲག་བསམ་འཕེལ་ནོར་བུ་ཨེ་མ་རྨད། །
ཞེས་བསྔགས་བརྗོད་འདི་ནི་ཉག་རོང་དཔལ་ལྡན་ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མས་གུས་པས་སྦྱར་བའོ། །
ཤེས་རབ་འོད་ཟེར་རྒྱལ་མཚན།
གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
སྣང་ཞིག་དངུལ་སྐུ་དགོན་གྱི་དགོན་བདག་སྤྲུལ་སྐུ།
ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།
རྟེན་འབྲེལ་ཞུ་ཚིག
ཞང་བོད་ཤེས་རིག་མདངས་འཛིན་གངས་རྒྱལ་ཏི་སེའི་འོད། །
མདོ་སྔགས་ཟུང་འབྲེལ་གཡུང་དྲུང་བོན་གྱི་བང་མཛོད་གཏེར། །
རིས་མེད་རྒྱལ་བསྟན་གཞུང་ལུགས་གདམས་པ་ཡོངས་འཛིན་པའི། །
སྔར་མེད་དཔེ་ཚོགས་བསྐྲུན་པར་དགའ་སྤྲོ་འབུམ་གྱིས་བརྟས། །
༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་པར་དུ་བསྐྲུན་པར་རྟེན་འབྲེལ་ཞུ་ཚིག་ཏུ་སྣང་ཞིག་དངུལ་སྐུ་དགོན་པའི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་ཕུལ་བའོ། །
སྟག་ཞིག་ཀུན་བཟང་བློ་གསལ།
ཁམས་འཇོ་མདའ་རྫོང་སྟག་ཞིག་དགོན་གྱི་དགོན་བདག
སྟག་ཞིག་བླ་རབས་ཉེར་གསུམ་པ་གཤེན་རྒྱལ་བསྟན་འཛིན་གྱི་སྤྲུལ་སྐུ།
ཡི་རངས་མེ་ཏོག་སྙིང་གི་དབུས་ནས་འཐོར།
གངས་ལྗོངས་རིག་གནས་ཀུན་གྱི་ཕྱི་ལམ་མཆོག །
གངས་དཀར་ཏི་སེ་བོན་གཞུང་རིག་མཛོད་ཀྱིས། །
གངས་ཅན་བསྟན་པའི་ལུས་སྲོག་ཡོངས་རྫོགས་པའི། །
གངས་རིའི་ཞིང་འདིར་ལེགས་བཤད་བསྟར་བ་རྨད། །
མ་བརྟག་སྣང་བ་སྤྲོ་བའི་གསེར་ཟངས་སྐུ། །
ལྔ་སྙིགས་འགྲོ་བ་ཀུན་གྱི་གཙུག་རྒྱན་དུ། །
བཀུར་བའི་འདྲེན་པ་ཤིན་ཏུ་ཡོད་པའི་སྒང་། །
ཡ་མཚན་དོན་གྱི་ཕྱག་རྗེས་ཨེ་མ་ཕུལ། །
མ་ལུས་འགྲོ་ལ་འཕྲལ་དང་ཀུན་གྱི་བདེ། །
འབྱུང་བའི་གནས་གཅིག་དྲི་མེད་གསུང་གི་རབ། །
ཡིན་པར་ངེས་ཕྱིར་གདམས་པ་འདི་ཡི་མཐུས། །
རྒྱལ་ཁམས་ཡོངས་ལ་ཞི་བདེ་འབྱུང་བར་སྨོན། །
ཞེས་པ་འདིའང་སྟག་ཞིག་དགོན་སྒོམ་སྒྲུབ་ལེགས་བཤད་འཕེལ་རྒྱས་གླིང་ནས་སྤྲུལ་ཀུན་བཟང་བློ་གསལ་གྱིས་གུས་པའོ། །
མཁར་ནག་སྐལ་བཟང་རྒྱ་མཚོ།
མཚོ་སྔོན་ཁྲི་ཀ་རྫོང་སྟོང་ཆེ་མཁར་ནག་བླ་མའི་སྤྲུལ་སྐུ།
གཤེན་བསྟན་སྲིད་རྩེར་འདེགས་པའི་ཉི་གཞོན།
༼གངས་ཏི་སེ་བོན་གཞུང་རིག་མཛོད༽ཅེས་པའི་དཔེ་ཚོགས་དཔར་བསྐྲུན་འགྲེམ་སྤེལ་གྱི་རྨད་བྱུང་མཛད་རྗེས་ལ་བསྔགས་པ།
རྩེ་མོ་གངས་དཀར་རྒྱན་གྱིས་སྤུད་པ་བསིལ་ལྗོངས་ས་ཡི་ཐིག་ལེ་མཆོག །
ཞིག་ཆེན་ཡོངས་ཀྱི་ཐུ་བོར་གྱུར་བ་རིམ་བྱོན་དམ་པའི་གདན་ས་རུ། །
ཤེས་རབ་གསུམ་དང་སྤོབས་པའི་མངའ་བདག་རྒྱལ་བསྟན་ཀུ་མུད་འབྱེད་པའི་གཉེན། །
ཟླ་བ་གཞོན་ནུ་དྭངས་པའི་ཁམས་ཉིད་སྐྱེ་དགུའི་གཙུག་ན་ཡི་གར་འོང༌། །
འདི་སྐད་ཐོས་སོ་མདོ་སྨད་ཕྱོགས་ཀྱི་སེང་གེ་རྒྱབ་བསྣོལ་གནས་མཆོག་ཏུ། །
རྒྱལ་བའི་བསྟན་ལ་བརྩེ་བ་ཆེན་པོས་བསམ་བཞིན་བྱོན་པའི་རྒྱལ་སྲས་ཀྱིས། །
གངས་རྒྱལ་ཏི་སེ་བོན་གཞུང་རིག་མཛོད་ལྔ་ཕྲག་ལྔ་ཡི་འཕྲུལ་གྱི་པར། །
རྒྱལ་གཤེན་བསྟན་པ་ཕྱོགས་བཅུར་སྤེལ་ཕྱིར་དེང་འདིར་ཡོངས་སུ་བསྐྲུན་ཏོ་སྐད། །
རྣམ་འདྲེན་ཐོད་དཀར་སྲས་པོའི་མཛད་རྣམ་བསྟན་འབྱུང་དར་རྒྱས་གསལ་བའི་སྒྲོན། །
སྒྲ་ཚད་སྙན་ངག་མངོན་བརྗོད་སྐར་རྩིས་བཟོ་གསོ་བཅུ་ཕྲག་རིག་པའི་གནས། །
ཐེག་ཆེན་ལམ་རིམ་ས་ལམ་ཤེར་ཕྱིན་དབུ་མ་མཛོད་དང་འདུལ་བའི་སྐོར། །
རྒྱུ་མཆོག་མཚན་ཉིད་ཐེག་པའི་ཡང་བཅུད་གཅིག་ཏུ་བསྡུས་འདི་ངོ་མཚར་ཡུལ། །
ཕྱི་ནང་གསང་གསུམ་ལམ་གྱི་རིམ་པ་གསལ་བྱེད་སྡེ་སྣོད་རིན་ཆེན་མཛོད། །
སྤྱི་སྤུངས་གསང་སྔགས་རྒྱུད་དྲུག་བཀའ་འགྲེལ་མ་རྒྱུད་སངས་རྒྱས་རྒྱུད་མཆོག་གསུམ། །
རྫོགས་ཆེན་ཚད་མ་ཨ་སྙན་ཕྱག་ཁྲིད་སེམས་ཀློང་མན་ངག་བླ་མེད་གཞུང་། །
སྔགས་དང་ཐུན་མིན་རྫོགས་པ་ཆེན་པོས་བོན་གྱི་ཆེ་བ་འདི་ན་བརྗོད། །
ཚུལ་འདིས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཇི་སྲིད་བསྐལ་བརྒྱའི་བར་དག་ཏུ། །
ནུབ་མེད་སྲིད་པའི་རྩེ་མོར་བསྒྲེངས་ལ་ཟད་པ་མེད་པའི་སྟོབས་ཤུགས་བསྣན། །
གླིང་ཆེན་ལྔ་ཡི་ཕྱོགས་མཚམས་ཀུན་ཏུ་ཡོངས་སུ་ཁྱབ་པའི་གཡུང་དྲུང་བོན། །
དེང་གི་དུས་སུ་དབུ་འཕང་མཐོན་པོ་དགུང་ལ་མཉམ་པའི་དན་རྟགས་ལགས། །
གོ་ལ་ཟླུམ་པོ་ཡངས་པའི་ཁྱོན་ན་ཕྱི་ནང་གྲུབ་མཐའ་བསམ་མི་ཁྱབ། །
མདོ་སྔགས་རྫོགས་གསུམ་བསྟན་པའི་ཡང་རྩེ་སངས་རྒྱས་གཡུང་དྲུང་བོན་ལས་གང་། །
འོན་ཏེ་གཞན་ལུགས་སྨྲ་ངན་ཐོས་ཆུང་བོན་གཞུང་རྒྱ་མཚོ་མ་ཚོར་ཏེ། །
ལོག་པར་མཐོང་བའི་དུག་ནག་སེལ་ལ་འདི་ནི་སྨན་མཆོག་རྣམ་པར་རྒྱལ། །
གཞན་དུ་བཤད་སྒྲུབ་བསྟན་པའི་དཔུང་སྡེ་ཡུལ་ཕྱོགས་གང་དུ་བཞུགས་པ་ལས། །
གསར་སྐྱེས་གཞོན་ནུ་མཁས་པར་འདོད་ལ་བོན་སྦྱིན་བླ་མེད་བདུད་རྩིའི་ཆར། །
འབད་མེད་ལྷུན་གྱིས་གྲུབ་པར་བསྩལ་བ་གང་གི་ཟླ་བྲལ་མཛད་རྗེས་མཆོག །
སྔོན་དུས་མ་བྱུང་བསམ་འཕེལ་ནོར་འདི་ཕྱིས་ཀྱང་འབྱུང་བར་དཀོན་པ་ཉིད། །
འདི་ནི་ཕྱི་ནང་རྒྱལ་ཁམས་དག་ཏུ་བོན་ལ་ཞིབ་འཇུག་བྱེད་པའི་ཚོགས། །
མ་ལུས་ཀུན་ལ་དཔྱད་གཞིའི་ཡིག་རིགས་སྤུས་ཚད་བཟང་པོ་བཏོན་པ་ན། །
བོན་གྱི་གཟི་བརྗིད་སྔར་མ་མཐོང་ལ་ངོ་མཚར་ལྟད་མོ་གསར་བ་སྦྱིན། །
མཁས་དབང་སྟག་སེང་དར་མའི་ཚོགས་ལའང་དགའ་བ་བསྐྱེད་ལ་སོམ་ཉི་བྲལ། །
དེ་ཕྱིར་གང་གི་བླ་མེད་དགེ་མཚན་དབྱིག་འཛིན་བུ་མོས་ཐེག་དཀའ་བ། །
མཐའ་དག་བརྗོད་པ་མཁས་པའི་ལས་སོ་ཐོས་ཆུང་བདག་འདྲར་འོས་མིན་ཡང་། །
ས་གསུམ་དག་ན་འགྲན་ཟླ་བྲལ་བ་འཕགས་པའི་མཐུ་ལ་ཅོ་འདྲི་བའི། །
མཛད་བཟང་འདི་ཐོས་དགའ་བ་འབུམ་བཅས་རི་མོ་གསུམ་པའི་ལམ་ལས་ཐལ། །
ཞུ་ཡི་དྲང་སྲོང་ཡོན་ཏན་རྒྱ་མཚོ།
ཧོར་སྦྲ་ཆེན་ཁྲོམ་ཚང་དགོན་པའི་དགོན་བདག་བླ་མ།
སྦྲ་ཆེན་རྫོང་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ།
སྤྲོ་དགའི་སྨོན་པ།
ཅིས་ཀྱང་བསྐྲུན་དུ་མེད་པའི་སྤྲོ་དགའི་དད་པ་སེམས་ལ་བཅང་སྟེ་སྨྲ་བ་ནི། རི་བོ་གངས་ཅན་པའི་སྔོན་བྱོན་ཞང་བོད་པཎ་གྲུབ་དུ་མའི་ཐུགས་བསྐྱེད་རླབས་པོ་ཆེའི་རྗེས་སུ་བཟུང་སྟེ། ཇི་ལྟར་འགྱུར་བ་ཕྱིན་པའི་དེང་གི་འཛམ་གླིང་གསར་བའི་སྤྱི་ཚོགས་སུ་བསྟར་བའི་དཔེ་ཚོགས་འདི་ནི༼གངས་ཏི་སེ་བོན་གཞུང་རིག་མཛོད༽རེད། དེ་ཡང་བོན་འབངས་དད་པའི་སྐྱ་སེར་རྣམས་ཀྱི་ཐུགས་དམ་དང་ཕྱི་ནང་རིག་པ་སྨྲ་བའི་ཆེད་མཁས་དག་གི་དཔྱད་ཡུལ། བོད་པའི་རིག་གཞུང་གསར་དུ་སློབ་པའི་དོན་གཉེར་ཅན་ལ་སྟབས་བདེ་གླེགས་བམ། བོན་ལ་ལོག་པར་ལྟ་བའི་ཅོལ་ཆུང་འགའ་ལ་སུན་འབྱིན་ཕྱིར་དུ་ཐུན་མོང་རིག་པའི་གནས་ལྔ་ནས་ཐུན་མིན་མདོ་སྔགས་རྫོགས་གསུམ་གྱི་དྲོད་རླང་མ་ཡལ་བའི་གླེགས་བམ་ཉེར་ལྔའི་བདག་ཉིད་ཅན༼གངས་ཏི་སེ་བོན་གཞུང་རིག་མཛོད༽གསར་དུ་པར་སྒྲིག་བགྱིས་ཤིང་དངོས་སུ་འགྲེམ་སྤེལ་བྱས་པ་ལ། སུས་ཀྱང་བསྙེལ་ཐབས་བྲལ་བའི་གདེང་འཇོག་མཐོན་པོས་ཞུ་ཡི་དྲང་སྲོང་ཡོན་ཏན་རྒྱ་མཚོ་ཡིས་བཀྲ་ཤིས་བདེ་ལེགས་ལན་བརྒྱར་ཞུ་བ་ཡིན།
༢༠༡༠ལོའི་ཟླ༣ཚེས༣ཉིན།
མཁའ་འགྲོ་གཡུང་དྲུང་ལྷ་མཆོག
ཉག་རོང་བྱ་བཏང་བཙུན་དགོན་གྱི་མཁའ་འགྲོ།
ཉག་རོང་བྱ་བཏང་རི་ཁྲོད་སྒྲུབ་པ་གླིང་གི་མཁན་པོ།
འོད་ཀྱི་ཚོམ་བུ།
མ་བཅོས་དབྱིངས་ཤར་དབྱིངས་གྲོལ་དགོངས་པའི་ཀློང་། །
མ་འགག་ལྷུན་གྲུབ་རང་ཤར་རིག་པའི་རྩལ། །
མ་གྲུབ་གཉིས་མེད་ཡེ་ཤེས་རོལ་པའི་སྐུ། །
མ་བསླད་བོན་གཞུང་རིག་མཛོད་ལྟ་བའི་རྒྱན། །
ཕྱི་ཡི་སྣང་བ་བདེན་མེད་སྟོང་སང་ངེ་། །
ནང་གི་འཛིན་རྟོག་རང་གསལ་རང་གྲོལ་ལེ། །
གཉིས་མེད་དགོངས་པའི་ཀློང་དུ་གསལ་ལྷང་ངེ་། །
མ་བཅོས་བོན་གཞུང་རིག་མཛོད་བསྒོམ་པའི་རྒྱན། །
ཆགས་མེད་ཕྱི་ཡུལ་སྣང་བ་གདོད་ནས་དག །
འཛིན་མེད་ནང་གི་སྤྲོས་པ་རང་སར་ཞིག །
རེ་མེད་དོགས་བྲལ་སངས་རྒྱས་དགོངས་པ་བསྐྱངས། །
བཅོས་མེད་བོན་གཞུང་རིག་མཛོད་སྤྱོད་པའི་རྒྱན། །
གོང་རྒྱལ་རི་ཁྲོད་དཔལ་གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་གི་མཁའ་འགྲོའི་མིང་འཛིན་གཡུང་དྲུང་ལྷ་མཆོག་ནས།