༄༅།། མཆོད་རྟེན་ཆེན་མོའི་སྨོན་ཚིག་བསམ་དོན་མྱུར་འགྲུབ་
ཅེས་བྱ་བ་བཞུགས་སོ།།
བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གླིང་ནས། །ཤར་ཕྱོགས་མངོན་པར་དགའ་བའི་མདུན་རིའི་སྟེང་། །ལྷག་བསམ་རྣམ་པར་དག་པའི་ཀུན་སློང་གིས། །མཆོད་རྟེན་བཅུ་གསུམ་བཞེངས་པ་ལེགས་པར་གྲུབ། །བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་པོ་ལྔས། །འཛམ་གླིང་འཇིག་རྟེན་ཐམས་ཅད་བདེ་གྱུར་ཅིག །བཀྲ་ཤིས་ཁྲི་སྐོས་ཉི་འོད་འབར་བ་ཡིས། །ཤར་ཕྱོགས་རྒྱལ་ཁམས་ཀུན་ལ་བདེ་སྐྱིད་འབྱུང་། །བཀྲ་ཤིས་འོད་འབར་ཟླ་ཟེར་འཕྲོ་བ་ཡིས། །ནུབ་ཕྱོགས་རྒྱལ་ཁམས་ཐམས་ཅད་བདེ་ལེགས་འབྱུང་། །བཀྲ་ཤིས་ལྷུན་པོ་རྫས་བརྒྱད་སྤུངས་པ་ཡིས། །བྱང་ཕྱོགས་རྒྱལ་ཁམས་ཀུན་ལ་བདེ་སྐྱིད་རྒྱས། །བཀྲ་ཤིས་གཡུང་དྲུང་དཔལ་བསྐྱེད་མཆོད་རྟེན་འདིས། །མི་རིགས་ཀུན་ལ་རིག་གནས་འཕེལ་རྒྱས་ཤོག །བསོད་ནམས་ལོངས་སྤྱོད་རྒྱས་པའི་མཆོད་རྟེན་འདིས། །རྒྱལ་ཁམས་ཡོངས་ལ་དཔལ་འབྱོར་རྒྱས་གྱུར་ཅིག །མི་དགེ་སྡིག་བཅུ་སྦྱོང་བྱེད་མཆོད་རྟེན་འདིས། །སེམས་ཅན་ཀུན་ཀྱི་སྡིག་སྒྲིབ་བྱང་གྱུར་ཅིག །བྱམས་པ་སྒྲིབ་སེལ་མཆོད་རྟེན་བྱིན་རླབས་ཀྱིས། །འགྲོ་ཀུན་སྒྲིབ་གཉིས་རྣམ་པར་བྱང་བར་ཤོག །སྦྱིན་པ་ཚོགས་རྫོགས་མཆོད་རྟེན་རིན་པོ་ཆེས། །ཚོགས་གཉིས་རབ་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་གྱུར་ཏེ། །འགྲོ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ས་གཡོ་རི་འགུལ་གནོད་པ་མི་འབྱུང་ཤོག །མེ་ཆུ་འབྱུང་བས་འཇིག་པ་མེད་པར་ཤོག །མི་མཐུན་འཐབ་རྩོད་འཁྲུག་པ་ཞི་གྱུར་ཅིག །མཐུན་རྐྱེན་ལེགས་ཚོགས་ཡིད་བཞིན་འགྲུབ་གྱུར་ཅིག །
མཆོད་རྟེན་བཅུ་གསུམ་ལེགས་འགྲུབ་བྱུང་བའི་སྨོན་ལམ་བསམ་དོན་མྱུར་འགྲུབ་འདི་ནི། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ནང་ནས་གལ་ཆེ་བ་བཅུ་གསུམ་བཞེངས་ཏེ་མཆོག་གསུམ་ལ་སྙིང་ནས་གསོལ་བ་བཏབས་ཏེ་སྨོན་པ་དེ་བཞིན་འགྲུབ་པར་གྱུར་ཅིག་གུ།
༄༅།། སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་མཆོད་རྟེན་བརྒྱད་ཀྱི་
སྨོན་ལམ་བཞུགས།
སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་མཆོག་ཏུ། །བཀྲ་ཤིས་ལྷུན་པོ་རྫས་བརྒྱད་སྤུངས་པའི་རྟེན། །བཀྲ་ཤིས་འོད་འབར་ཟླ་ཟེར་འཕྲོ་བའི་རྟེན། །བཀྲ་ཤིས་ཁྲི་སྐོས་ཉི་འོད་འབར་བའི་རྟེན། །གཡུང་དྲུང་དཔལ་བསྐྱེད་རིགས་རྒྱུད་འཛིན་སྤེལ་རྟེན། །མི་དགེ་སྦྱོང་བྱེད་སྡིག་བཅུ་འདག་པའི་རྟེན། །བསོད་ནམས་ལོངས་སྤྱོད་འཕེལ་རྒྱས་འབྱུང་བའི་རྟེན། །བྱམས་པ་སྒྲིབ་སེལ་ཉོན་མོངས་ཞི་བའི་རྟེན། །སྦྱིན་པ་ཚོགས་རྫོགས་སངས་རྒྱས་འགྲུབ་པའི་རྟེན། །མཆོད་རྟེན་རྣམ་པ་བརྒྱད་འདི་བཞེངས་པའི་མཐུས། །བསྟན་པ་རྒྱས་ཤིང་འགྲོ་ལ་བདེ་སྐྱིད་འབྱུང་། །འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ་པར་ཤོག །ཨཱོྃ་བཾ་རུ་ཏེ་པདྨོ་ཧཱུཾ༔
ཕྱིའི་བཀོད་པ།
ནང་གི་བཀོད་པ།