ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༡༽བོན་གྱི་བླ་སྤྲུལ་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ། 
[ 2011/12/3 8:32:00 | By: ཁྲི་བསོད་བསྟན། ]
 

མཁས་པའི་ཡོན་ཏན་ཐོས་བསམ་རྩ་བ་བརྟན། 

གཞན་ཕན་སྙིང་རྗེ་ཁོ་ལག་ཕྱོགས་སུ་བྲེས། 

ངེས་དོན་སྒོམ་རྟོགས་འབྲས་བཟང་ཁུར་ལྕི་བའི། 

སྐྱེས་སྤྲུལ་དཔག་བསམ་ལྗོན་པར་སུ་མི་གུས། 

 

༡༽བོན་གྱི་སྐྱེས་ཆེན་བླ་སྤྲུལ་ཁག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད་༽དཔེ་ཚོགས་ལ་

སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།

 

གཤེན་སྲས་ནོར་བུ་དབང་རྒྱལ། 

རྒྱལ་བ་གཤེན་གྱི་གདུང་སྲས་རིན་པོ་ཆེ།

བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན།

ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ།

 

ཤིས་ཚིག

བདེ་ལེགས་ཀུན་འབྱུང་ཡོན་ཏན་ནོར་བུའི་གཏེར 

གཤེན་བསྟན་མདོ་སྔགས་ཁྲི་གདུགས་གཞོན་ནུའི་དཔལ 

སྒོ་བཞི་མཛོད་ལྔ་ཐེག་དགུའི་འོད་སྟོང་བཅས 

བསྟན་འགྲོའི་བསོད་ནམསམཁའ་ལ་བསྐྲུན་འདི་དགེ 

ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། 

ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ།

༡༩༢༥-༢༠༠༩ལོར་དགོངས་པ་བོན་དབྱིངས་སུ་གཤེགས།

 

སྨོན་ཚིག་དུང་གི་རང་སྒྲ།

གྲུབ་མཐའི་མཆོག་གྱུར་སངས་རྒྱས་གཡུང་དྲུང་བོན། 

འགྲོ་འདུལ་མཆོག་གྱུར་གཤེན་རབ་མི་བོ་ཆེས། 

སྐུ་གསུང་ཐུགས་ཀྱི་བསྟན་པ་སྤེལ་བ་བཞིན། 

སླར་ཡང་བཅོས་སླད་མེད་པར་མཐར་ཕྱིན་ཤོག   

ཅེས་པ་ཤར་རྫའི་རྒྱལ་ཚབ་མིང་འཛིན་མཐུ་སྟོབས་རྣམ་རྒྱལ་གྱིས།

བགྲང་བྱ་གྱ་བཞིའི་ཐོག་གཡུང་དྲུང་ལྷུན་པོའི་ཁྲོད་ནས་ས་གླང་ཟླ༤ཚེས༡༨ལ་སྨོན་པའོ། 

སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ། 

སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན།

གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ།

མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་དགོན་བདག

 

སྨོན་ཚིག་ཟླ་བ་དཀར་པོའི་འཛུམ་ཞལ།

གྲངས་མེད་ཤེས་བྱའི་གནས་ཀུན་མཁྱེན་པའི་རྩལ། 

གཅིག་ཏུ་རྫོགས་པའི་ལྷ་མཆོག་སྨྲ་སེང་དང་། 

དྲུག་འགྱུར་དབྱངས་ཀྱི་དབང་མོ་མཚོ་བྱུང་མས། 

ཞིང་ཀུན་དགེ་བའི་མེ་ཏོག་ཆར་བཞིན་བསྙིལ། 

འདྲ་མིན་གྲུབ་མཐའི་རིག་གཞུང་བྲག་རིའི་དཔུང་། 

བསྒྲིགས་པའི་དབུས་ན་རིན་ཐང་མངོན་འཕགས་པའི། 

༼གངས་རྒྱལ་ཏི་སེ་བོན་གཞུང་རིག་མཛོད༽ཀྱིས། 

འཛམ་གླིང་མཁས་པའི་ཚོགས་ཀུན་དགྱེས་གྱུར་ཅིག   

རྒྱལ་གཤེན་བསྟན་པའི་རིང་ལུགས་དྲི་མེད་དཔལ། 

ཉམས་མེད་མཁའ་ལ་སྒྲེང་མཁས་རྒྱལ་བའི་སྲས། 

རྩེ་ཞིག་བསྟན་པའི་ཟླ་བ་གང་ཉིད་ཀྱི། 

རླབས་ཆེན་མཛད་འཕྲིན་ཉི་མའི་དཀྱིལ་འཁོར་ཤར། 

ཞེས་སྨོན་ཚིག་ཟླ་བ་དཀར་པོའི་འཛུམ་ཞལ་འདི་ཡང་སྣང་ཞིག་སྐྱབས་རྗེ་མིང་འཛིན་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་རུ་འབོད་པས་བྲིས་སོ། 

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། 

འཛམ་གླིང་བོད་རིག་པའི་ཞིབ་འཇུག་མཁས་ཆེན།

མདོ་སྨད་བྱང་བརྒྱུད་གཡུང་དྲུང་བོན་བསྟན་ཚོགས་པའི་དབུ་འཛིན།

མཚོ་སྔོན་རེབ་གོང་བོན་བརྒྱ་དགོན་གྱི་དགོན་བདག་བླ་མ།

 

ཤིས་ཚིག་ནོར་བུའི་དོ་ཤལ།

གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་དབུས་ཀྱི 

ཏི་སེ་མངོན་པར་བརྗིད་པའི་མཛེས་སྡུག་ལ 

བོན་གཞུང་ཟླ་བ་སྟོང་གིས་འཁྱུད་པའི་དཔལ 

རིག་མཛོད་བདུད་རྩིའི་འཛུམ་རླབས་ཕྱོགས་སུ་འཕྲོས 

དེ་ཡིས་གཤེན་བསྟན་ཀུ་མུད་བཞད་དང་ལྷན 

འགྲོ་རྣམས་རྒུད་པའི་མུན་པ་ཀུན་སངས་ནས 

ཕན་བདེ་སྣང་བས་ས་ཆེན་གསུམ་དུ་ཁྱབ 

རྫོགས་ལྡན་གསར་བའི་ལང་ཚོ་རྒྱས་གྱུར་ཅིག   

ཅེས་པའང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་སྤེལ་བ་དགེ 

རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ།

གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ།

རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་རྒྱལ་ཚབ་སློབ་དཔོན་ཆེན་མོ།

 

ཤིས་ཚིག

བཤད་སྒྲུབ་བསྟན་པའི་སྒོ་ཆེན་འབྱེད་པ་ལ 

རྩ་བའི་ལྡེ་མིག་བཀའ་དང་བཀའ་བརྟེན་གནད 

ཏི་སེ་བོན་གཞུང་རིག་མཛོདདཔེ་ཚོགས་འདི 

ཐར་བའི་ལམ་ཆེན་ཟིན་པའི་རྒྱུ་གྱུར་ཤོག   

གངས་ཏི་སེ་བོན་གཞུང་རིག་མཛོདདཔེ་ཚོགས་ཆེན་མོ་དཔར་བསྐྲུན་ཤིས་བརྗོད་ཙམ་དུ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་ནས་སྤྲོ་བ་ཆེན་པོས་བཏེགས 

ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།

གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན།

སི་ཁྲོན་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་དགོན་བདག་བླ་མ།

 

༼གངས་ཏི་སེ་བོན་གཞུང་རིག་མཛོད༽ལ་ཕུལ་བའི་ཤིས་ཚིག

ངོ་མཚར་གངས་རྒྱལ་ཏི་སེའི། 

ངོ་མཚར་བོན་གཞུང་རིག་མཛོད། 

ངོ་མཚར་འཕྲུལ་གྱི་དཔེ་བསྐྲུན། 

ངོ་མཚར་ཤིན་ཏུ་ཆེ་འོ། 

མང་མང་ཤེས་བྱའི་རིག་གཞུང་རྒྱ་མཚོ་ལས། 

མཛེས་མཛེས་ཤེས་རིག་གསར་བའི་དགའ་ཚལ་བཞད། 

མཚར་མཚར་འཕྲུལ་ངག་སྦྲང་རྩིའི་དགའ་སྟོན་གྱིས། 

གསལ་གསལ་གླིང་བཞིའི་ཁྱོན་ལ་བདལ་བར་ཤོག 

ཅེས་རྔ་ལྗོངས་བོན་གྱི་འདུས་སྡེ་རྟོགས་ལྡན་དགོན་ཆེན་གྱི་ཁྲི་འཛིན་སོ་གསུམ་པ་

ཚུལ་ཆེན་ཐེག་མཆོག་སྨྲ་བའི་ཟླ་བ་ནས་གུས་པས་ཕུལ།

ཟླ་སྤྲུལ་རིན་ཆེན་ཕུན་ཚོགས།  

བོད་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་འཐུས་ཚབ།

ཆབ་མདོ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན།

ཁྱུང་པོ་སྟེང་ཆེན་རྫོང་ཀོ་རྒྱལ་དགོན་གྱི་དབུ་བླ།

 

ཤིས་བརྗོད་འོད་ཀྱི་རང་མདངས།

གངས་རིའི་ཕྲེང་ཚོགས་བསྟར་བའི་ཡུལ་གྲུ་འདིའི། 

ཏི་སེའི་ངོ་མཚར་ལྔ་རིག་ཁ་འབབ་བཞིས། 

བོན་གཞུང་གསེར་གྱི་རྡུལ་ཕྱེ་ཕྱོགས་ཀུན་ཏུ། 

རིག་མཛོད་འགྲེམ་པའི་དགེ་མཚན་འདི་ཀོ་རྨད། 

ཅེས༼གངས་ཏི་སེ་བོན་གཞུང་རིག་མཛོད༽ཅེས་པའི་རླབས་ཆེ་བའི་རིག་གཞུང་འདི་ཉིད་འགྲེམ་སྤེལ་གནང་བར་ཁོ་བོས་སྙིང་ནས་ཡི་རང་དང༌།  ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བཀའ་དྲིན་ཆེ་ཞུ།  ཞེས་ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་ཁྲི་འཛིན་པ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་ཀྱིས༢༠༠༩ལོའི་ཟླ༡༠ཚེས༢༩ཉིན་ཕུལ། 

སྨོན་རྒྱལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ།  

སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་འཐུས་ཚབ།

སྡེ་དགེ་རྫོང་སྨོན་རྒྱལ་དགོན་གྱི་དབུ་བླ།

 

གསུང་རབ་གནས་དང་བོན་འཁོར་བསྐོར།

ཕྱི་རབས་རྒྱལ་གཤེན་བསྟན་པ་སྤེལ་བའི་ཆེད། 

སྟོན་པའི་བོན་གྱི་བཀའ་ལ་རྣམ་པ་གསུམ། 

ཞལ་ནས་གསུངས་དང་རྗེས་སུ་གནང་བ་དང་། 

ཉམས་སུ་ལེན་དང་བྱིན་གྱིས་རླབས་པ་གསུམ། 

གསུང་རབ་གནས་དང་བོན་འཁོར་བསྐོར་མཛད་པ། 

འཁོར་བ་སེམས་ཅན་ཉོན་མོངས་འདུལ་བའི་བོན། 

མདོ་སྔགས་སེམས་ཀྱི་རྒྱུད་སྡེར་སྤེལ་བའི་གཤེན། 

བསྟན་འགྲོ་མགོན་གྱུར་མཆོག་རྣམས་ཡིད་ནས་བཀུར། 

ཀུན་གྲོལ་ཧཱུཾཿཆེན་གླིང་བའི་གཏེར་སྲས་ཞེས་མིང་དུ་འབོད་པ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་ནས།

རྒྱ་ནག་བོན་གྱི་བཀའ་གཏེར་པར་འདེབས་ཁང་ནས་བོད་རབ་བྱུང་བཅུ་བདུན་པའི་ས་གླང་ལོ་ཟླ༤ཚེས༡༥ལ་ཕུལ།

སྐྱང་སྤྲུལ་དྲི་མེད་འོད་ཟེར། 

རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་བ་རིག་པའི་རབ་འབྱམས་པ།

སི་ཁྲོན་མཛོད་དགེ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ།

མཛོད་དགེ་རྫོང་འཕན་ཆུའི་ཨ་སྐྱིད་སྐྱང་ཚང་དགོན་གྱི་དགོན་བདག་བླ་མ།

 

སྨོན་ཚིག་ཕན་བདེ་གྲུ་ཆར།

དུས་མཐར་བོན་བསྟན་སྤེལ་བའི་སྐལ་ལྡན་ཚོས། 

གངས་དཀར་ཏི་སེ་བོན་གཞུང་དཔེ་ཚོགས་ཀྱི། 

བོན་སྦྱིན་བདུད་རྩིའི་གྲུ་ཆར་ལེགས་འཇོ་བས། 

བཤད་སྒྲུབ་བོན་སྤྱོད་དཔྱིད་དཔལ་རབ་བཞད་ཤོག   

ཅེས་པ་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བྲིས་པའོ། 

ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ།  

གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་བློ་འདྲི་ས།

རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་ཁྲི་བ།

རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་གི་མཁན་པོ།

 

ཤིས་ཚིག

སྔོན་བྱོན་བོན་གྱི་ལེགས་བཤད་མེས་པོའི་རལ་ཀློང་ནས 

ལེགས་བབས་བཅུ་ཕྲག་རིག་མཛོད་གང་གཱའི་རྒྱུན་བཟང་པོ 

དོན་གཉེར་ཛ་ཧུས་ལེགས་བཏུང་ཞིང་འདིར་སླར་བསྐྲུན་པས 

བསྟན་འགྲོར་ཕན་བདེའི་སྒོ་བརྒྱ་འབྱེད་འདི་ཨེ་མ་རྨད 

རིས་འཛིན་བ་ཚྭས་མ་རྙོག་ཡིད་བཞིན་མཚོར 

གཞུང་བཟང་སྟོང་གི་ཆུ་བོ་རོ་གཅིག་འདྲེས 

དགོངས་དོན་ཝུ་བ་དཀར་པོའི་དོ་ཤལ་ཅན 

སྐལ་བཟང་འཛིན་མར་འཁྱིལ་འདི་ཨེ་མ་རྨད 

བཀྲ་ཤིས་མི་འགྱུར་གཡུང་དྲུང་རྟག་ཏུ་བརྟན 

བཀྲ་ཤིས་བོན་གྱི་འཁོར་ལོ་གླིང་བཞིར་འཕགས 

བཀྲ་ཤིས་བཤད་སྒྲུབ་པད་མའི་དགའ་ཚལ་རྒྱས 

བཀྲ་ཤིས་འདོད་རྒུའི་ནོར་བུས་གང་བར་ཤོག   

ཅེས་སངས་རྒྱས་གཡུང་དྲུང་བོན་གྱི་བཅུ་ཕྲག་རིག་མཛོད་ཆེན་མོ་སྟེགངས་ཏི་སེ་བོན་གཞུང་རིག་མཛོདཀྱི་དཔེ་ཚོགས་པར་དུ་སྐྲུན་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞེས་སྔགས་བརྗོད་དང་འབྲེལ  བོན་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་སྨོན་འདུན་བཅས་རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ནས་བྲིས་པ་དགེ་གྱུར་ཅིག

གྲུབ་དབང་བསྟན་པའི་ཉི་མ། 

བོད་ལྗོངས་ནག་ཆུ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན།

སྲིད་གྲོས་ནག་ཆུ་ས་ཁུལ་གྱི་རྒྱུན་ལས་ལས་འཛིན།

ནག་ཆུ་སྙན་རོང་རྫོང་རྟིང་རྔུལ་དགོན་གྱི་དབུ་བླ།

 

ལྷག་བསམ་གྱི་སྨོན་འདུན།

གངས་ཏི་སེ་བོན་གཞུང་རིག་མཛོདདཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་ནི་སྤྱིར་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་དང་སྒོས་སུ་གཡུང་དྲུང་བོན་གྱི་རིག་གནས་བཅས་ཕྱོགས་མང་པོའི་ཐོག་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བཅས་གྲུབ་འབྲས་ཆེན་པོ་ཡོད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འི་འཚམས་སྦྱར 

གྲུབ་དབང་བསྟན་པའི་ཉི་མ་ནས༢༠༠༩ལོའི་ཟླ༡༢ཚེས༡༨ཉིན 

 
 
Re:༡༽བོན་གྱི་བླ་སྤྲུལ་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
[ 2012/3/27 14:56:54 | By: སྐུ་མགྲོན་Mri7LX(སྐུ་མགྲོན) ]
 
སྐུ་མགྲོན་Mri7LX(སྐུ་མགྲོན)བཀའ་དྲིན་ཆེ་དངོས་གནས་ཡག་པོ་འདུག
 
 
Re:༡༽བོན་གྱི་བླ་སྤྲུལ་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
[ 2011/12/4 9:47:45 | By: snowyouth ]
 
snowyouthཟིན་བྲིས་དྲ་གནས་འདིར་གཟིགས་དང་ཟླ་འགའི་སྔོན་ནས་བཀོད་ཟིན་པ་ཡིན།
དཔོན་སློབ་རིན་པོ་ཆེ། http://blog.himalayabon.com/u/snowyouth/archives/2011/412.html
ནམ་མཁའི་ནོར་བུ་ཚང་། http://blog.himalayabon.com/u/snowyouth/archives/2011/530.html
དོར་ཞི་ཚང་། http://blog.himalayabon.com/u/snowyouth/archives/2011/531.html
 
 
Re:༡༽བོན་གྱི་བླ་སྤྲུལ་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
[ 2011/12/4 9:31:55 | By: y78027(སྐུ་མགྲོན) ]
 
y78027(སྐུ་མགྲོན)ཁྲི་བསོད་ལགས། འདིའི་ནང་དུ་དཔོན་སློབ་ཚང་དང་དོོ་ཞི་ཚང་སོགས་མི་འདུག་ཡ། འགོད་རོགས།
 
 
Re:བོན་གྱི་བླ་སྤྲུལ་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
[ 2011/12/4 8:37:03 | By: snowyouth ]
 
snowyouthདཔྱད་གཏམ་པ་གཤེན་ཚེ་ཚང་གིས་དགོངས་འཆར་དང་སློབ་སྟོན་གནང་བ་ལ་དངོས་ནས་ཡིད་འཐད་ཡོད། གོང་གི་བླ་སྤྲུལ་འདི་རིགས་ཡུལ་ལུང་གི་གནས་བབས་དང་བསྟུན་ནས་བཤད་ན་ས་གནས་དེའི་ལྷ་སྡེ་དགོན་ཁག་གི་དབུ་བླའམ་ཆོས་ལུགས་དེའི་དབུ་འཛིན་གྱི་བྱེད་པོར་གྱུར་འདུག་པས་བླ་ཆེན་ཞེས་འབོད་ན་ནི་མི་ཆོག་རྒྒྱུ་མེད་ལ། གྲུབ་མཐའི་ངོས་ནས་བླ་ཆེན་ཞེས་འབོད་ན་མི་འགྲིག་ས་ཡོད་རེད། གང་ལྟར་རྩོམ་སྒྲིག་སྐབས་དེབ་ནང་དུ་༼སྐྱེས་ཆེན་བླ་སྤྲུལ་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ༽ཞེས་བྲིས་ཡོད་ལ་འདི་གར་ནོར་སོང་བ་རེད། དགོངས་དག
 
 
Re:བོན་གྱི་བླ་ཆེན་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
[ 2011/12/3 19:49:38 | By: woser(སྐུ་མགྲོན) ]
 
woser(སྐུ་མགྲོན)ཁྲི་བསོད་བསྟན་ལགས། བླ་མ་རྣམ་པའི་གསུང་གི་བྱིན་རླབས་ཀྱི་དྲོད་མ་ཡལ་བར་འདིར་བཀོད་པར་ཐུགས་རྗེ་ཆེ་ལ། བླ་མ་རྣམ་པའི་ཐུགས་རྗེས་ང་ཚོའི་ཧི་བོན་ཟིན་བྲིས་ཚང་གཙོས་པའི་བོན་གྱི་དྲ་ཚོགས་ཡོངས་ལ་གེགས་དང་བར་ཆད་མི་ཡོང་བའི་མགོན་སྐྱབས་ཡོང་གི་རེད་དྲན།
འདིར་རྩོམ་ཡིག་གི་མཚན་བྱང་ནས་འཕྲོས་ཏེ་ཁོ་བོས་ཀྱང་བསམ་ཚུལ་ཞིག་ཞུ་འདོད་བྱུང་། རྩ་བའི་“བླ་ཆེན”ཞེས་པའི་ཚིག་ལ་དཔྱད་ཚེ་ཡུལ་གྱི་གནས་བབ་དང་བསྟུན་ཏེ་རྒྱལ་ཁབ་ཀྱི་གཞུང་ངོས་ནས་“ཆོས་ལུགས”སམ་གྲུབ་མཐའ་ཞིག་གི་དབུ་འཛིན་གནང་ཆོག་པའི་མཚན་མཐོངས་ཞིག་ཕུལ་ཚེ་དེར་གྲུབ་མཐའ་དེའི་“བླ་ཆེན་”ཞེས་དང་། ཡང་མང་ཚོགས་ཀྱིས་ངོས་ནས་སྤྱི་མོས་ལྟར་གྲུབ་མཐའ་ཞིག་གི་དབུ་འཛིན་བླ་མ་གནང་ཆོག་པའི་འོས་ཐོབ་ཚེ་གྲུབ་མཐའ་དེའི་“བླ་ཆེན་”དང་། དེ་མིན་གྲུབ་མཐའི་ལུགས་སོ་སོར་གསེར་བུམ་དཀྲུག་པ་སོགས་ཀྱིས་མཚོན་ལྷ་དང་སྲུང་མས་སྐྱེས་བུ་དེ་ཉིད་“ཆོས་ལུགས་”སམ་གྲུབ་མཐའ་དེའི་དབུ་འཛིན་གནང་ཆོག་པའི་ལས་རྟགས་སོགས་བབ་ཚེ་གྲུབ་མཐའ་དེའི་“བླ་ཆེན་”ཞེས་འབོད་ཀྱི་འདུག་དྲན།
གོང་གི་ལུགས་སྲོལ་དེ་དག་དང་བསྟུན་བོད་ཀྱི་གྲུབ་མཐའ་ཆེན་པོ་ལྔ་ཡི་ནང་དུ་ད་བར་“བླ་ཆེན་”ལྔ་ཡིས་གྲངས་ངེས་པ་ཞིག་ཤོད་བཞིན་འདུག འདི་དག་ལ་ཡུལ་དུས་ཀྱི་གནས་བབ་དང་གོ་ཐོབ་སོགས་ཀྱིས་མཚོན་རྒྱུ་མཚན་མང་པོ་ཡོད་པ་རེད་ལགས། དེ་མིན་“བོན་གྱི་སྐྱེས་ཆེན་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།”ཞེས་གསུངས་ན་གང་འདྲ་འདུག་འདི་ངའི་བསམ་ཚུལ་ཡིན།
སྤྱིར་ངས་འདི་ལྟར་ཞུ་བའང་ཆགས་སྡོང་རྨོངས་གསུམ་གྱིས་ཀུན་ནས་སློང་པ་ཞིག་མིན་ལ། བདག་གིས་ནི་གོང་གི་བླ་མ་རྣམ་པ་ནི་ས་ཐོབ་སེམས་དཔའི་སྐྱེས་བུ་ཉག་ཅིག་དང་། ཤི་གསོན་གཉིས་ཀྱི་སྐྱབས་ཡུལ་ཁོ་ན་ཞིག་ལ་ངོས་འཛིན་དང་དད་འདུན་ཡོད་པས་ཁྱེད་ཀྱིས་རྩོམ་བྱང་ཇི་ལྟར་བཏགས་ཀྱང་དགའ་བ་སྒོམ་པ་ལས་མེད། འོན་ཀྱང་གོང་ཞུས་ལྟར་ཆ་མ་སྙོམ་པའི་སྤྱི་ཚོགས་འདིའི་ནང་དགོས་པ་སྐབས་བསྟུན་མང་པོ་ཞིག་ཡོད་ངེས་པས་ཁྱེད་ཀྱིས་དགོངས་དཔྱོད་ཡོང་བར་ཞུ།
ཞེས་དགེ་མིང་པ་གཤེན་ཚེ་ཚང་གིས་ནུབ་ཕྱོགས་ནས་ཕུལ།།
 
 
Re:བོན་གྱི་བླ་ཆེན་ཁག་གིས་སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
[ 2011/12/3 16:11:08 | By: སྐུ་མགྲོན་L52Skw(སྐུ་མགྲོན) ]
 
སྐུ་མགྲོན་L52Skw(སྐུ་མགྲོན)ཁྲི་བསོད་བསྟན་ལགས་ཁྱེད་ཀྱིས་འདི་ལྟར་སྤེལ་བར་ཐུགས་རྗེ་ཆེ་ཞུ། སྐབས་འདིར་ཕྲན་གྱིས་བསམ་ཚུལ་ཙམ་ཞིག་མཆན་དུ་འདེབས་ན་གོ་བ་ཕྱིན་ཅི་ལོག་ཏུ་མི་བཟུང་བའི་རེ་བ་ཡོད། ཁོ་བོ་ནི་བོན་གྱི་བླ་ཆེན་དེ་ཚོ་ལ་གུས་ཞབས་དང་བརྩི་བཀུར་དད་པ་བཅས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་འཇོག་མཁན་ཞིག་ཡིན། ཡིན་ནའང་བོན་གྱི་བླ་ཆེན་ཁག་ཅེས་པའི་ཚད་དེ་བོན་གྱི་དགོན་སྡེ་གང་ཞིག་གི་དབུ་བླ་རེ་ལ་བསམ་མནོ་གཏོང་དགོས་པ་ཡིན་ནམ། ཡང་ན་བོད་ནང་ལོགས་ལྟར་ན་རྒྱ་གཞུང་གི་གོ་གནས་ཡོད་པའི་བླ་མའི་གོ་གནས་མཐོ་དམན་ནམ་ཤེས་ཡོན་གྱི་མིང་བྱང་མཐོ་དམན་ལ་བསམ་བློ་གཏོང་དགོས། ནང་གི་ལྟ་སྒོམ་ཉམས་ལེན་ནི་སུས་ཀྱང་ཚོད་དཔག་མི་ཐོབ་བོ། །དེ་མིན་འོག་གི་ལྷ་སྡེ་མང་ཉུང་དང་། ཡང་ན་དགོན་པའི་གྲྭ་བ་དང་གྲྭ་ཤག་མང་ཉུང་ལ་ལྟོས་དགོས་སམ། དེ་མིན་ན་དགོན་སྡེ་དེར་བཤད་གྲྭ་དང་སྒོམ་གྲྭ་ཡོད་མེད་ལ་ལྟོས་དགོས། ཡང་ན་ལུང་ཚན་མདོ་སྟོད་སྨད་བར་གསུམ་གྱི་ཁྱད་པར་ཕྱེ་སྟེ་ལུང་ཚན་དེའི་ནང་ཁུལ་ནས་གྲགས་པ་སུ་ཆེ་ལ་ལྟོས་དགོས། ཡང་ན་གང་ཟག་རེ་གཉིས་ཀྱི་ཁ་ཤུགས་སུ་ཆེ་དང་དེབ་ཞིག་གི་སྟེང་དུ་མཚན་ཐོ་རིམ་པ་བཀོད་སུ་སྔ་ལ་ལྟོས་དགོས། ཡང་ན་དེ་སྔོན་བོན་སྤྱི་ལ་ཁྱབ་པའི་བྱས་རྗེས་གཟེངས་སུ་ཐོན་པ་སུས་བཞག་ཡོད་མེད་ལ་ལྟོས་དགོས། དེ་ཚོ་དཀའ་ལས་ཁག་པོ་རེད། ཕྲན་གྱིས་སེམས་ནང་དུ་ལྷད་མེད་ཀྱི་བསམ་ཚུལ་ནི་རྩ་བའི་གྲྭ་ས་ཁག་ཕུད་པའི་དེ་མིན་བོད་ཕྱི་ནང་གི་དགོན་སྡེ་སུ་ཞིག་ཡིན་ཀྱང་དགོན་སྡེ་དེའི་དབུ་བླའམ་དགོན་སྡེ་དེའི་བདག་པོ་སྟེ་རྩ་བའི་བླ་མ་དེ་ཚོ་ཚང་མ་ལ་འདྲ་མཉམ་གྱི་བརྩི་ཐང་དང་གུས་བཀུར་བྱེད་དགོས་པ་ནི་སྤྱི་ཚོགས་ལ་བཏང་སྙོམས་ཀྱི་བལྟ་ཚུལ་ཞིག་ཡིན་པ་མ་ཟད་བླ་མ་དེ་རྣམས་ནི་རིས་སུ་མ་ཆད་པའི་ལྷ་སྡེ་མི་མང་རྣམས་ཀྱི་བསོད་ནམས་ཀྱི་ཞིང་ས་ཡིན་པར་སོང་དེས་ན་མ་འོངས་པར་མི་ཚོགས་འདུ་འཛོམས་དང་ཆོས་ཞུ་དབང་ལུང་སོགས་གནང་ཚེ་བླ་མ་དེ་ཚོར་འདྲ་མཉམ་གྱི་བརྩི་བཀུར་གནང་ཐུབ་ན་དགའ་ཆེ་སྙམ། ཡིན་ནའང་གྲྭལ་བསྒྲིག་སྟངས་ཀྱི་ཆ་ནས་བཤད་ན་རྩ་བའི་གྲྭ་ས་ཁག་གི་བླ་མ་རྣམས་ཕུད། དེ་མིན་བསླབ་པ་བགྲེས་གཞོན་གྱི་སྒོ་ནས་རྩིས་ན་མི་འགྲིགས་རྒྱུ་མེད་པར་སེམས་ཀྱང་དགོན་སྡེ་རེ་ནས་བླ་མ་རེ་ལས་གཉིས་རེ་གསུམ་རེ་སྟེང་དུ་མ་འཚང་ན་མཛེས། འདི་དག་མ་འོངས་པར་གལ་ཆེན་པོ་རེད་འདུག་པས། ཕྲན་གྱིས་རི་བོང་གནམ་སྡིབ་ཀྱི་དཔེ་ལྟར་མཆན་དུ་བཏབ་པ་ཡིན་ནོ། །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.