ཕ་ཡུལ་ལ་འགྲོ།
ཁྲི་སེར་འཇམ་དཔལ།
ཉི་ཟླ་དང་བར་ཐག་ཆེས་ཆེར་ཉེ་བའི་ཞིང་ཁམས་ཤིག་ན།
ཁ་བ་དང་མེ་ཏོག་མཉམ་དུ་བཞད་པའི་གནས་མཆོག་ཅིག་ན།
ང་ཚོས་ནམ་ཡང་དྲན་པ་མོད་ཅིང་། གླེང་བ་ཉུང་བའི་རྟག་བརྟན་གྱི་ཕ་ཡུལ་ཡོད་པས།
ང་ཚོ་ངེས་པར་དུ་གནས་མཆོག་དེར་འགྲོ་དགོས།
གནས་དེ་ན། མཁའ་ལ་འཐེན་པའི་འོད་གསལ་གྱི་དམུ་ཐག་དཀར་པོའི་བྱུང་རབས་ཡོད་ལ།
གནས་དེ་ན། ལྷ་ལས་མཆེད་པའི་རྗེ་བོ་དང་མེས་དབོན་རྣམ་པའི་འཁྲུངས་རབས་ཀྱང་ཡོད་སྐད།
ང་ཚོས། ཟང་ཟིང་གིས་རྒྱུ་བའི་མི་ཚོགས་སྟུག་པོའི་རྔམས་ཁ་ཚལ་བར་གཤག་ཏེ།
ང་ཚོས། རྔམ་ཟིལ་གྱིས་འཕྱོ་བའི་རི་ཆུ་མང་པོའི་རྡོག་ལམ་ཐོལ་གྱིས་བརྒལ་ཏེ།
འགྲོ། ང་ཚོ་ཕ་ཡུལ་ལ་འགྲོ།
ང་ཚོས་བདེན་དྲང་ཟོལ་མེད་ཀྱིས། ལྷག་བསམ་རྣམ་དག་གིས།
དད་གུས་ཀྱི་མེ་ཏོག་སྒྲུག་བཞིན། སྨོན་སེམས་ཀྱི་རླུང་རྟ་སྤུར་བཞིན། རྟོགས་སད་ཀྱི་སྙན་ངག་འབྲི་བཞིན།
མ་ཡུམ་ཚོའི་ལས་དབང་སྦྲ་ནག་ལ་བཅོལ་བའི་གཏམ་རྒྱུད་ཀྱི་གསང་བ་འཚོལ།
ཕ་ལོ་ཚོའི་སྐྱབས་ཞུ་རི་ཚོགས་ལ་རེ་བའི་རྨོངས་བློ་ལ་དག་ཐེར་བྱེད།
ཕུ་ནུ་ཚོའི་ཟུངས་ཁྲག་རྩྭ་ཐང་ལ་འཐིམ་པའི་ལོ་ཟླ་དེར་སྐྱེལ་མ་ཞུ།
ཨ་ཅེ་ཚོའི་ལང་ཚོ་ལྕི་འདམ་གྱིས་སྦགས་པའི་སྲོལ་རྙིང་གི་འཆིང་ཐག་བཀྲོལ།
ཆོས་པ་ཚོའི་འདོད་རྔམ་རི་གྲོང་ན་རྒྱུ་བའི་དུས་རབས་ལ་སྡོམ་ཚིག་འཇོག
འགྲོ། ད་དུང་མང་པོ་ཞིག་གི་སླད་དུ།
ང་ཚོ་ཕ་ཡུལ་ལ་འགྲོ།
ཕ་ཡུལ། ཁ་བ་རླུང་རྟ་བཞིན་ཟིལ་ཤུགས་ཀྱིས་འཕྱོ་བའི་གངས་ཁྲོད།
ཕ་ཡུལ། རླུང་རྟ་ཁ་བ་བཞིན་བར་སྣང་ན་རྩེན་པའི་རྫ་སུལ།
ཕ་ཡུལ། རྟག་བརྟན་གྱི་གནས་མཆོག་དེ་ན།
རྒས་གཉེར་གྱི་རི་མོ་ཐོད་ལ་བཀོད་པའི་ཨ་མའི་སེམས་པ།
དབུ་སྐྱེས་ཀྱི་ཉག་མ་དུང་ལྟར་དཀར་བའི་ཨ་ཕའི་མིག་ཟུང་།
ན་ཆུང་གི་ལང་ཚོ་དུས་ཀྱིས་འཁྱེར་བའི་ཕུ་བོའི་སེམས་འདུན།
དེ་ལྟར། ང་ཚོར་ལྷད་མེད་ཀྱི་ངོ་གདོང་གྲངས་མེད་ཅིག་གིས།
རེ་འབོད་ཀྱི་ཁ་བཏགས་དཀར་པོ་སྲིད་ན་རིང་བས།
ང་ཚོས་ཕུགས་འདུན་གྱི་སེམས་པར་ཤེས་བརྩོན་གྱི་གཤོག་པ་བསྣམས།
ང་ཚོས་འབྱུང་འགྱུར་གྱི་ཆེད་དུ་ལྔ་རིག་གི་གནམ་འཕང་གཏོད་བཞིན།
ཞི་བདེ་དང་ཚན་རྩལ་གྱི་འཕེལ་ཁ་མཉམ་དུ་འགྲན་པའི།
དུས་རབས་ཀྱི་སྐྱ་རེངས་འདྲེན་བཞིན།
ང་ཚོ། ཕ་ཡུལ་ལ་འགྲོ།
༢༠༠༠ལོའི་ཧོར་ཟླ་༡༡པའི་ཚེས་༡༥ཉིན་བྲིས།
ཕ་ཡུལ་ལ་འགྲོ།
ཁྲི་བསོད་བསྟན།
མཚམས་སྤྲིན་གྱི་ཉི་འོད་འཇམ་པོ་སྔས་སུ་བྱས་ནས།
སྟོན་རླུང་གི་མཁའ་དབུགས་དྲོན་མོ་གོས་སུ་གྱོན་ནས།
འགྲོ། ང་ཚོ་ལྷ་ཚོགས་ཀྱི་དག་ཞིང་ངམ་རང་ཉིད་ཀྱི་ཕ་ཡུལ་ལ་འགྲོ།
ཕ་ཡུལ་ན། མ་མཇལ་བའི་བྱིན་ལྡན་གངས་རི་ཡི་རྒྱན་དུ་ངོམས་ཤིང་།
ཕ་ཡུལ་ན། མ་རོལ་བའི་འཚོ་བ་རང་དབང་གི་ལྟེམས་ཀྱིས་འཁྱིལ་བས།
ང་ཚོས། འབྱུང་འགྱུར་གྱི་གོམ་སྒྲ་ཡངས་མོ་ལྷོད་ཀྱིས་བསྒྱུར་ཏེ།
མཐོ་སྒང་གི་ཚེ་སྲོག་འདིའི་སླད་དུ། ང་ཚོ་ཕ་ཡུལ་ལ་འགྲོ།
སེམས་ཤུགས་ཀྱིས་མེ་རུ་སྦར་བའི་གླུ་ངག་གི་གྲེ་འགྱུར་རེ་རེ།
ཕ་ཡུལ་དུ་ང་རྒྱལ་དང་མཛེས་སྡུག་གིས་བག་ཡངས་ངང་འབབ་འདོད་ལ།
ཟུངས་ཁྲག་དང་མིག་ཆུས་བརླན་པའི་སྙན་ངག་གི་འདབ་ལོ་རེ་རེ།
ཕ་ཡུལ་དུ་བདེ་སྐྱིད་དང་རེ་སྨོན་གྱི་རླུང་རྟ་བཞིན་འཕུར་འདོད།
ང་ཚོས། རྨི་ལམ་ཁྲི་ཕྲག་གི་མཁའ་མཐར་བང་གིས་བཅད་དེ།
ང་ཚོས། མྱི་ཁའི་ཕྱོགས་ལྷུང་གི་སྲོལ་རྙིང་ཤུགས་ཀྱིས་གཏོར་ཏེ།
རང་ཉིད་ལ་འོས་ཤིང་རང་ཉིད་ལ་དབང་བའི་ཕ་ཡུལ་ངོ་མ་དེར་འགྲོ།
ཕ་ཡུལ་ན། ཤ་མར་རྩམ་གསུམ་གྱི་ཚོར་བ་མ་ཉམས་པའི་དྲི་ཞིམ་འཐུལ་ལ།
ཕ་ཡུལ་ན། མཐིང་སྨུག་སྦྲ་ཆུང་གི་དྲོད་ཁོལ་མ་ཡལ་བའི་གནས་ཚང་མཆིས་པས།
ང་ཚོས། ཐོབ་ཐང་དམའ་མོ་ཞིག་གི་ལེ་ཚན་མཇུག་སྒྲིལ་ནས།
ལས་དབང་གི་བཀོད་སྒྲིག་བྱས་པའི་གཅོང་ནད་ཡོད་ཚད་རླུང་ལ་བསྐུར་བཞིན།
གསེར་ཏོག་དང་རྒྱ་ཕིབས་སྟེང་ན་རྔམ་བརྗིད་ཀྱིས་འགྱིང་བའི་ཉི་ཟླའི་ཕྱོགས་སུ་འགྲོ།
ང་ཚོས། འཁོར་བ་ཡངས་མོ་འདིའི་གཟི་བརྗིད་དང་སྙན་གྲགས་བར་ནས།
ང་ཚོས། ཁོར་ཡུག་དོག་མོ་འདིའི་གྲང་རེག་དང་བཟི་ཁའི་ཁྲོད་ནས།
མེས་དབོན་ཚོའི་ལོ་རྒྱུས་ཀྱི་རྟོགས་བརྗོད་བདེན་དྲང་གི་རི་མོར་འགོད་མ་ཐུབ་ལ།
རང་རིགས་འདིའི་མངའ་ཐང་གི་ཁྱད་མཚར་གླེང་བརྗོད་ཀྱི་སྣེ་མོར་འཇུའང་མ་ཐུབ།
རི་སྒང་དང་བྱང་ཐང་འཁྱམས་པའི་རྣམ་ཤེས་གྲངས་མེད།
འཁྱགས་རླུང་དང་གཟེབ་རྙི་ལ་ཚུད་པའི་བྱ་ཁྱུ་གང་མང་།
ཡོད་ཚད་ཀྱིས་རེ་སྒུག་དང་འཁང་རའི་ཀློང་ནས།
རང་ཉིད་ཀྱི་ལྷིང་འཇགས་རྒུམ་ནས་ཡུན་རིང་འགོར་སོང་།
དེ་བས། ང་ཚོ་གཞི་ནས་ལམ་ལ་ཆས་རན།
ང་ཚོས། ས་གཞི་དང་ཁ་བ་འདྲེས་མཚམས་ནས།
རང་སེམས་ཀྱི་དཀྱིལ་འཁོར་ན་བཞུགས་པའི་རྔོན་པ་ཉེས་ཅན་འདི་ཚོའི་བར་སྣང་ནས།
རང་ཉིད་ཀྱི་དར་ཆ་མཐོ་རུ་བཏེགས་ཏེ་རྟག་བརྟན་བདེ་ལྡན་གྱི་ཕ་ཡུལ་ལ་འགྲོ།
སྤྱི་ལོ་༢༠༠༠ལོའི་ཟླ་༡༠ཚེས་༢༥ཉིན།
རྩོམ་ཡིག་འདི་གཉིས་མཚོ་སྔོན་༼གངས་རྒྱན་མེ་ཏོག༽༢༠༠༡ལོའི་དེབ་དང་པོ་སྟེ་སྤྱིའི་དེབ་གྲངས་༤༤པའི་སྟེང་བཀོད་པའི་གདངས་གཅིག་ངག་གི་གྲེ་འགྱུར་༼ཕ་ཡུལ་ལ་འགྲོ༽ཞེས་པའི་ཁ་བྱང་གཅིག་ཅན་གྱི་སྙན་ངག་འགྲན་རྩོམ་ཁྲོད་བདམས་ཐོན་བྱུང་།