ཡབ་རྗེ་བླ་མའི་བརྟན་བཞུགས་གསོལ་འདེབས།
ཁྲི་བསོད་བསྟན།
འཛམ་གླིང་སྲིད་གསུམ་སྙིང་པོ་གངས་ལྗོངས་ཨཀྟ་རོང་ཆེན་ཞིང་གི་སར།།
མི་ནུབ་གཤེན་གྱི་བསྟན་པའི་རྒྱ༵ལ་མཚ༵ན་སུམ་མཆོད་རྩེ་ནས་ཕྱར་མཛད་པོ།།
ཚུ༷ལ་ཁྲིམ༷ས་ལུ༷ང་རྟོག༷ས་བསྟ༷ན་འཛི༷ན་རྒྱ༷་མཚོ༷་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་སོག་ཁའི་གྲུབ་མཐའི་རྒྱལ་བོ་མདོ་སྔགས་སངས་རྒྱས་གཡུང་དྲུང་བོན།།
ཨ་མདོའི་བྱང་དུ་འཛིན་སྤེལ་དབུ་གདུ༵གས་མཐོན་པོར་སྟོབས་ཀྱིས་བསླངས་མཛད་པོ།།
གཞ༷ན་ཕ༷ན་འགྱུ༷ར་མེ༷ད་བློ༷་གྲོ༷ས་རྒྱ༷་མཚོ༷་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་གསང་ཆེན་འོད་ལྡན་ཉི་མའི་ཟེར་ཕྲེང་དཀར་པོའི་གཟི་བྱིན་སྟོང༌།།
སྣོད་ལྡན་སློབ་མར་བུ༵མ་པ༵་གང་བྱོའི་ཚུལ་གྱིས་འཕངས་མེད་སྦྱིན་མཛད་པོ།།
རི༷ག་འཛི༷ན་འགྱུ༷ར་མེ༷ད་ལ༷ས་ར༷བ་རྩ༷ལ་གྱི་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་འོད་ལྔའི་རིས་མེད་གྲུབ་མཐའ་ནགས་རི་མཚོ་གསུམ་ཕ་གཞིས་སུ།།
མ་བཟླུམས་ལག་རྡང་གསེར་གྱི་དཔ༵ལ་བེ༵འུ་དམ་པོར་གཅིག་ཏུ་སྦྲེལ་མཛད་པོ།།
ཁྱུ༷ང་དཀ༷ར་འགྱུ༷ར་མེ༷ད་ཤེ༷ས་ར༷བ་རྒྱ༷་མཚོ༷་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་མཁས་གྲུབ་རྒྱ་མཚོའི་དབུས་ན་ལྟ་སྒོམ་སྤྱོད་གསུམ་མངོན་ཐོབ་ཀྱིས།།
ཉམས་རྟོགས་དྭངས་གསལ་མཚོ་མོའི་གསེ༵ར་ཉ༵་བདེ་མྱུར་ཤུགས་ཀྱིས་འཁྱུག་མཛད་པོ།།
གཞ༷ན་ཕ༷ན་ཀུ༷ན་བཟ༷ང་བློ༷་གྲོ༷ས་རྒྱ༷་མཚོ༷་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་རིག་པའི་གཏེར་ལས་ཉེར་འཁྲུངས་སྔགས་སེམས་ཟབ་མོའི་གཞུང་བརྒྱའི་ལུང༌།།
འགག་མེད་གཡས་འཁྱིལ་དུ༵ང་གི་སྒྲ་དང་ཆབས་ཅིག་གང་འཚམ་སྟོན་མཛད་པོ།།
ང༷ག་དབ༷ང་དབྱ༷ངས་ལྡ༷ན་དགྱེ༷ས་པ༷འི་བློ༷་གྲོ༷ས་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་རིག་གཞུང་བྱེ་བའི་ཡང་སྙིང་རྒྱལ་གཤེན་མཉམ་མེད་བླ་མའི་ལུགས།།
འགྲོ་བར་འཁོ༵ར་ལོ༵་གསུམ་གྱིས་སྒོ་ནས་མི་ལོ་བརྒྱད་ཅུར་སྐོར་མཛད་པོ།།
བོ༷ན་བརྒྱ༷་དགེ༷་ལེག༷ས་ལྷུ༷ན་གྲུ༷བ་རྒྱ༷་མཚོ༷་སྐུ་ཚེ་རྟག་བརྟན་བཞུགས་གསོལ་འདེབས།།
འཛམ་གླིང་གཙུག་རྒྱན་དཔོན་གསས་བླ་མའི་བླ་མ་ཀུན་ལས་ཁྱད་འཕགས་པ།།
དྲི་མེད་སྐུ་ཡི་མཚན་དཔེ་པ༵ད་མ༵ས་ལས་སྒྲིབ་དྲུངས་ནས་འབྱིན་མཛད་པོ།།
སྐྱབས་གཅིག་དྲིན་ཆེན་ཡབ་རྗེ་བྱང་སྟོན་རྩ་བའི་བླ་མ་བཞུགས་གསོལ་འདེབས།།
ཞེས་གསང་བ་གསུམ་གྱི་དབང་ཕྱུག་ཆེན་མོ༧སྐྱབས་རྗེ་བླ་མ་ཐམས་ཅད་མཁྱེན་པ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་སྡེ་གང་གི་ཞབས་པད་སྤྱི་བོའི་ཅོད་པན་དུ་ཐོབ་པའི་སྐལ་བ་ཅན་སློབ་འབངས་ཡོངས་ཀྱི་ཉེ་གནས་པ་ཁྲི་བསོད་བསྟན་དུ་འབོད་པས། ༧ཁོང་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་ཚེས་ལ་ཉེ་བའི་དུས་མཚམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་ཚིག་བརྗོད་རྣམ་པར་སྤྲོས་ཤིང་དད་གུས་ཀྱིས་གསོལ་བ་སྙིང་ནས་ཕུར་ཚུགས་སུ་འདེབས་བཞིན་གྱ་སྟོན་ཞུ་བའི་རྟེན་འབྲེལ་ལེགས་སྐྱེས་སུ་གུས་པས་བྲིས་པ་བཀྲ་ཤིས་པར་མཛོད་ཅིག་གུ །