ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་བརྒྱ་རིན་པོ་ཆེ་སྟོད་མངའ་རིས་སུ་ཆིབས་བསྒྱུར་བསྐྱངས་པ།
[ 2011/10/3 1:42:00 | By: ཁྲི་བསོད་བསྟན། ]
 

༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་ཟླ་གཅིག་ལྷག་ལ་སྟོད་མངའ་རིས་སྐོར་གསུམ་དང་

བར་དབུས་གཙང་ཕྱོགས་སུ་ཕེབས་པའི་མཛད་འཕྲིན་གནད་བསྡུས།


ཞོགས་པའི་ཉི་ཟེར་དང་ལྷན་དུ་མ་ཕམ་གཡུ་མཚོའི་འགྲམ་རྒྱུད་དུ་བསྐྱོན་པ།

      དེ་ཡང་འབྱུང་ལྡན་༣༠༡གི་ཆར་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་ཟླ་༧ཚེས་༡༧ཉིན་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་སྡེ་སྤྱི་ནས་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་དག་གི་བྱ་བཞག་འབད་མེད་ལྷུན་འགྲུབ་ཡོང་བ་དང་སྒོས་སུ་རྩ་བླ་༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་སྐུ་ཚེ་འགལ་རྐྱེན་ཟློག་ཕྱིར་གྱི་ཞབས་བརྟན་རིམ་གྲོར་ཡི་དམ་དབལ་གསས་རྔམ་པའི་སྲུང་ཟློག་བསད་གསུམ་གྱི་ལས་མཐའ་རྒྱ་ཆེར་སྒྲུབ་པ་དང་ལྷན་༧སྐྱབས་རྗེ་མཆོག་དང་ངེད་ཞབས་ཞུ་བ་བཞི་བཅས་རང་དགོན་ནས་ཟི་ལིང་དང་མཚོ་སྔོན་པོ། ཚ་འདམ་གཞུང་། ན་གོར་མོ། གདང་ལ་རི་རྒྱུད་སོགས་བརྒྱུད་ནས་ཚེས་༡༩ཉིན་ནག་ཆུ་ཁར་ཕེབས་འབྱོར་བྱུང་། ཉིན་གཉིས་ལ་ནག་ཆུར་གཞིས་སྡོད་ཀྱི་བོན་པོ་མང་ཚོགས་རྣམས་ལ་མཇལ་ཁ་གནང་བ་དང་པོམ་རའི་ཚེ་རིང་སྟག་རྒྱལ་ཚང་ནས་སྙིང་པོ་རྣམ་གསུམ་གྱི་ལུང་དང་མ་ཏྲིའི་ཚེ་དབང་གི་དབང་མཆོག་བསྐུར། དེ་ནས་སྐྱབས་རྗེ་རིན་པོ་ཆེའི་ཐུགས་བཞེད་ལྟར་སོག་གཡུང་དྲུང་གླིང་གི་དགོན་ཤུལ་ལ་ཆིབས་བསྒྱུར་གནང་འདོད་ཀྱི་འདུན་པ་ཤུགས་དྲག་པས་སྦྲ་ཆེན་རྫོང་དུ་ཞབས་སར་འཁོད།

      ཟླ་༧ཚེས་༢༤ཉིན་སྤ་བླ་འབྲུག་རིན་པོ་ཆེའི་གདན་ས་སྤ་ཚང་དགོན་གྱི་ཚོགས་ཁང་ཆེན་མོར་གདན་ཞུས་ཀྱི་བཞུགས་ཁྲིར་མངའ་གསོལ་མཛད་རྗེས་དད་ལྡན་སེར་སྐྱ་ཀུན་ལ་མཇལ་ཁ་ཕྱིན། ཕྱི་ཉིན་འདུས་སྡེ་སྤྱི་དང་ལྷ་སྡེ་བོན་འབངས་མང་ཚོགས་མང་པོར་སྙིང་པོ་རྣམ་གསུམ་གྱི་ལུང་དང་བོན་འཁོར་ཚིགས་བཞི་མའི་ཁྲིད་ལུང་། དབལ་གསས་སྔགས་སྒྲུབ་ཀྱི་ལུང་། ཚེ་སྒྲུབ་ཚེ་དབང་གི་དབང་ལུང་ཅི་རིགས་གནང་བ་དང་འདུ་ཁང་གསར་བར་བྱིན་རླབས་རབ་གནས་གང་ལེགས་མཛད།

DSCF1444.jpg
སྦྲ་ཆེན་སོག་གཡུང་དྲུང་གླིང་གི་དགོན་ཤུལ་དུ་ཕེབས་ཏེ་དད་ལྡན་མང་ཚོགས་རྣམས་ལ་དགེ་བསྐུལ་གནང་བཞིན་པ།

      ཟླ་༧ཚེས་༢༧ཉིན་ཨ་ཀྲོང་རི་ཁྲོད་དགོན་གྱི་བླ་མ་ཚུལ་ཁྲིམས་དཔལ་ལྡན་གཙོས་དད་ལྡན་མང་ཚོགས་རྣམས་ཀྱིས་སྣེ་ལེན་དང་ཕེབས་བསུ་བྱས་འོག ཁོང་རིན་པོ་ཆེའི་ཐུགས་བཞེད་ལྟར་སོག་གཡུང་དྲུང་གླིང་གི་དགོན་ཤུལ་ལ་ཆིབས་བསྒྱུར་གནང་། བླ་མ་རིན་པོ་ཆེ་ནས་བོན་སྐྱོང་དམ་ཅན་སྲུང་མར་འཕྲིན་བཅོལ་དང་བསང་གསོལ་རྒྱ་ཆེར་གནང་སྟེ་མ་འོངས་པར་དགོན་སྡེ་སླར་གསོ་དང་ཐུགས་མཐུན་ཁྲིམས་གཙང་གི་བཤད་སྒྲུབ་འདུས་སྡེ་ཞིག་བཞེངས་བསྐྲུན་བྱེད་ཐུབ་པའི་ཐུགས་སྨོན་ཡང་ཡང་གནང་། ལྷག་པར་ཁོང་རིན་པོ་ཆེ་ནས་གསུངས་དོན། གནས་འདིར་རིག་འཛིན་སེམས་དཔའ་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་སྐབས་དེར་གཤེན་བསྟན་རིན་པོ་ཆེ་སྐྱིད་ཀྱི་ཉི་མ་དགུང་ལ་ཤར་བའི་གནས་ཀྱི་འདུན་པ་རྗེས་སུ་དྲན་ན། ད་ལྟ་དགོན་ཤུལ་ཙམ་ལས་མེད་པ་འདི་ཤིན་ཏུ་ཡིད་ཕམ་ཞིང་སེམས་སྐྱོ་བའི་གནས་སུ་མཆིས་པས། སྦྲ་ཆེན་རྫོང་ཁོངས་ཀྱི་བླ་གྲྭ་གཙོས་བོན་འབངས་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་དགོན་པ་བསྐྱར་བཞེངས་བྱེད་རྒྱུ་ནི་ཁྱེད་ཅག་གི་གཡོལ་དུ་མེད་པའི་འགན་འཁྲི་དང་གྱེར་བསྟན་གྱི་མེ་རོ་ཕྱོགས་བཅུར་རྒྱལ་བའི་ཐུགས་ཀློང་གང་ཁྱབ་དེ་སྙེད་མི་ནུབ་དར་ཞིང་རྒྱས་པའི་སྨོན་པ་འདི་བཞིན་བགྱིས་པ་ཡིན་ཞེས་དད་ལྡན་རྣམས་ལ་དགེ་བསྐུལ་རྒྱ་ཆེར་གནང་།

      ཟླ་༧ཚེས་༢༨ཉིན་ཀུན་མཁྱེན་ཡེ་ཤེས་སྙིང་པོ་དང་ཁྲོམ་རྗེ་ཉི་མ་ལེགས་ཆེན་གཉིས་ཀྱིས་ཕྱག་བཏབ་པའི་ཁྲོམ་ཚང་དགོན་དུ་བླ་གྲྭ་ཡོངས་ཀྱིས་སེར་ཕྲེང་གི་མདུན་བསུས་ཏེ་དགོན་པར་གདན་ཞུ་བྱས། ཁྲོམ་དགོན་བཤད་སྒྲུབ་འདུས་སྡེ་སྤྱི་དང་དད་ལྡན་མང་ཚོགས་རྣམས་ལ་ཤར་རྫ་རིན་པོ་ཆེའི་ཡང་ཟབ་ནམ་མཁའ་མཛོད་ཆེན་ལས་ཐེག་དགུའི་གྲུབ་མཐའི་རྣམ་བཞག་གི་ཁྲིད་ལུང་དང་སྙིང་པོ་རྣམ་གསུམ་གྱི་གོ་དོན་རྒྱས་འགྲེལ་དང་ལུང་། མ་ཏྲིའི་ཚེ་དབང་སོགས་བསྐུར་བ་དང་ལྷག་པར་ཁྲོམ་དགོན་བླ་མ་ཡོན་ཏན་རྒྱ་མཚོ་ཚང་ལ་ལྗགས་ལུང་ཟབ་གདམས་ཀྱི་བཀའ་དྲིན་ཅི་རིགས་བསྩལ།

DSCF1444.jpg སྤུ་བླ་དགོན་གཡུང་དྲུང་བསྟན་འཕེལ་གླིང་གི་བླ་གྲྭ་ཡོངས་ནས་སེར་ཕྲེང་གིས་སྣེ་བསུས་ཏེ་ཕེབས་བསུ་བྱེད་བཞིན་པ།

      ཟླ་༧ཚེས་༢༩ནས་སྤུ་བླ་དགོན་གཡུང་དྲུང་བསྟན་འཕེལ་གླིང་དང་ལུང་དཀར་དགོན་དཔལ་གཤེན་བསྟན་རིན་ཆེན་གླིང་གི་འདུས་སྡེ་སྤྱི་ནས་ཕེབས་བསུའི་སེར་ཕྲེང་གྱ་ནོམས་པ་བྱས་ཏེ་གདན་ཞུ་མཛད། བླ་མ་རིན་པོ་ཆེ་ནས་འདུ་ཁང་གསར་བར་བཀྲ་ཤིས་མངའ་དབུལ་རབ་གནས་དང་བླ་གྲྭ་ཀུན་ལ་བཀའ་སློབ་ཟབ་རྒྱས་བསྩལ། སྤུ་བླ་དགོན་པའི་དགོན་བདག་བླ་མ་དགེ་བཤེས་བཤད་སྒྲུབ་ཉི་མ་མཆོག་གི་རེ་ཞུ་བཞིན་དགོན་དེའི་མདུན་རི་ལ་སྲིད་རྒྱལ་བླ་རི་ཞེས་མཚན་གསོལ་བ་དང་དེ་ལ་རྟགས་དང་མཚན་མའི་ནམ་མཁར་འཇའ་ཚོན་སྣ་ལྔ་ཤར་བས་བླ་གྲྭ་འདུས་སྡེ་ཡོངས་དགའ་བའི་སྨོན་པས་བརྟས།

      ཟླ་༨ཚེས་༢ཉིན་ཕྱིར་ནག་ཆུར་སླེབས་པ་དང་ཁོང་གི་སློབ་བུ་སྔགས་འཆང་བསོད་ནམས་ཚེ་རིང་དང་སྙན་བཟང་ཤ་བོ་ཚེ་བརྟན་སོགས་ཀྱི་སྣེ་ལེན་དང་སྐྱེལ་བསུའི་འོག་དབུས་གཙང་ལྷ་ལྡན་གྲོང་དུ་ཆིབས་བསྒྱུར་གནང་། ལྷ་སར་ཕེབས་པའི་ལམ་ཁར་གཉན་ཆེན་ཐང་ལྷ་དང་བསམ་གཏན་གང་བཟང་ལ་གནས་མཇལ་དང་། བྱང་གི་གནམ་མཚོ་ཕྱུག་མོར་བུམ་གཏེར་འབུལ་ཏེ་བོན་བསྟན་ཕྱོགས་བཅུར་འཕེལ་བ་དང་སྐྱེ་འགྲོ་སེམས་ཅན་ནད་མེད་འཁྲུགས་རྩོད་ཀྱི་དུས་ངན་བཟློག་ཕྱིར་སྐྱབས་འཇུག་དང་ཐུགས་སྨོན་ཟབ་རྒྱས་བསྩལ།


ལྷ་སར་ཞང་བོད་བགྲོ་གླེང་འདུ་འཛོམས་བྱུང་བར་ཁོང་རིན་པོ་ཆེ་ནས་གཏམ་བཤད་གསུངས་བཞིན་པ།     

       ཟླ་༨ཚེས་༥ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུར་མཆོད་མཇལ་དང་བར་སྐོར་གླིང་། པོ་ཏཱ་ལའི་ཐང་ཆེན་དུ་གཟིགས་སྐོར་ཕྱག་ཕེབས་གནང་། ཕྱི་ཉིན་ཀོ་དགོན་མཁན་པོ་དགེ་ལེགས་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ལྷ་བྱམས་སོགས་ཀྱི་ཁྱིམ་དུ་གདན་དྲངས་ཏེ་ལྷ་སར་གཞིས་སྡོད་ཀྱི་བོན་འབངས་ཁག་ཅིག་ལ་སྐྱབས་འགྲོ་དང་སྙིང་པོ་རྣམ་གསུམ་གྱི་ཁྲིད་ལུང་གནང་། ཞོར་དུ་ལྷ་སའི་སྐྱིད་ཆུའི་མགྲོན་ཁང་གི་ཚོམས་ཁང་དུ་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་ཁག་ཅིག་དང་ཞང་བོད་རིག་གཞུང་སྐོར་ལ་དད་འདུན་ཆེ་བའི་དོན་གཉེར་ཅན་དང་ཞིབ་འཇུག་པ་མང་པོ་བགྲོ་གླེང་གདན་འཛོམས་བྱུང་བར་ཁོང་རིན་པོ་ཆེ་ནས་ཞང་བོད་ལོ་རྒྱུས་སྐོར་ནས་དཀའ་གནད་གསལ་བཤད་དང་དྲི་བར་བཀའ་ལན་བསྩལ་བ་སོགས་གཏམ་བཤད་གལ་ཆེན་གསུངས།

       ཟླ་༨ཚེས་༩ཉིན་མངའ་རིས་བླ་མ་གཡུང་དྲུང་མཐར་ཕྱིན་དང་སྦྱིན་བདག་མ་གནམ་གང་གཉིས་ཀྱི་གདན་ཞུས་བཞིན་ཁོང་རིན་པོ་ཆེ་ལྷ་ས་ནས་གནམ་གྲུར་བཞུགས་ཏེ་སྟོད་མངའ་རིས་སྐོར་གསུམ་གྱི་གླང་ཆེན་ཁ་འབབ་གྲོང་ཁྱེར་དུ་ཞབས་སར་འཁོད། ཉིན་དང་པོར་རུ་ཐོག་མཚོ་ཡིས་བསྐོར་ཞེས་པའི་རུ་ཐོག་རྫོང་ཁོངས་ཀྱི་ཟོམ་ཤིང་ལྕགས་ཀྱི་མཚོ་དང་མཚོ་མོ་ངང་ལག གེ་ཁོད་གསང་བ་དྲག་ཆེན་གྱི་གནས་རི་གེ་ཁོད་གཉན་པོ་རི་རྫོང་སོགས་ལ་གནས་མཇལ་དུ་ཕེབས། ཕྱི་དྲོར་ཞུང་ཀརྨ་རྒྱལ་མཚན་སོགས་ཀྱི་གདན་ཞུས་བཞིན་མངའ་རིས་ཁུལ་སྨན་རྩིས་ཁང་གི་ཕྱི་ནང་ཁོར་ཡུག་ཀུན་ལ་གཟིགས་སྐོར་དུ་ཕྱིན་ཏེ་དགེ་སློང་བསྟན་འཛིན་དབང་གྲགས་རིན་པོ་ཆེའི་སྨན་སྒྲུབ་ལྷ་ཁང་ལ་བཀྲ་ཤིས་རབ་གནས་དང་ལས་བཟོ་བར་ཞང་ཞུང་རིག་གནས་དར་སྤེལ་དང་རྒྱུད་འཛིན་བྱེད་དགོས་ཚུལ་གྱི་བསླབ་བྱ་གལ་ཆེན་གསུངས།

-10.jpg

གྱེར་ཆེན་དྲན་པའི་སྒྲུབ་གནས་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་དང་གུར་གྱམ་མདོ་སྔགས་དར་རྒྱས་གླིང་དུ་གདན་ཞུས་མཛད་བཞིན་པའི་ཚུལ།

      ཟླ་༨ཚེས་༡༡ཉིན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བའི་གནས་མཆོག་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཕུག་པ་སྟེ་བོན་གྱི་གནས་ཆེན་གངས་དཀར་ཏི་སེ་དང་བྱ་རི་གཙུག་ལྡན་གྱི་རི་རྒྱུད། ཁྱུང་ཆེན་སྤུངས་པའི་རི་ཁྱུང་ལུང་དངུལ་མཁར་གྱི་རི་ཞོལ། གྱེར་ཆེན་དྲན་པ་ནམ་མཁའ་ནས་རིག་འཛིན་གྲུབ་ཐོབ་མང་པོ་ཟམ་མ་ཆད་པར་བྱོན་པའི་སྒྲུབ་གནས་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་དང་གུར་གྱམ་མདོ་སྔགས་དར་རྒྱས་གླིང་དུ་གདན་ཞུས་མཛད། དེ་ནས་རྒྱལ་བ་མཉེས་པའི་ཡུལ་ཁྱུང་ལུང་དངུལ་མཁར་ལ་གནས་མཇལ་དང་འདུས་གྲྭ་ཡོངས་ཀྱི་མོས་འདུན་ལྟར་སྒྲུབ་གྲྭ་འཛུགས་རྒྱུའི་དགོས་མཁོར་དམིགས་ནས་ཉིན་གཉིས་ལ་ཚེ་དབང་བོད་ཡུལ་མའི་དབང་བཀའ་རབ་འབྱམས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་དང་ཀུན་མཁྱེན་ཤར་རྫ་བའི་སྐུ་གསུམ་རང་ཤར་དང་བྱང་ཆུབ་སེམས་ཀྱི་བསླབ་པ་ཚིགས་སུ་བཅད་པ་བརྒྱ་རྩ་དགུའི་ལུང་བཅས་གནང་། བླ་མ་རིན་པོ་ཆེ་ནས་སྒྲུབ་གྲྭ་འཛུགས་རྒྱུའི་ཐད་ལ་དམངས་སྒོར་ཁྲི་གཅིག་ཞལ་འདེབས་སུ་བསྩལ་བ་དང་གྲྭ་བ་ཞལ་གྲངས་ལྟར་ཞལ་ཐང་རེ་དང་སྒོར་བརྒྱ་རེ་བཅས་ཚོགས་སྐལ་དུ་འགྱེད། ཞོར་དུ་དགོན་འདིའི་གྲྭ་བའི་གྲངས་འབོར་བཅུ་ནས་བརྒྱ་དང་བརྒྱ་ནས་སྟོང་དུ་འཕེལ་བའི་ཁ་གཡང་དྲོན་མོ་དང་ཁྱེད་ཅག་གྲྭ་བ་རྣམས་ཀྱིས་མ་འོངས་པར་མཐུན་སྒྲིལ་ངང་འཆད་རྩོད་རྩོམ་གསུམ་དང་བཤད་སྒྲུབ་སྒོམ་པའི་ཉམས་ལེན་ཆུ་བོའི་རྒྱུན་ལྟར་སྐྱོང་སྟེ་འབད་པ་ལྷུར་ལེན་གྱིས་བསྟན་དགོན་ལས་དོན་ཐད་གང་ནུས་ཀྱིས་ལེགས་པར་སྐྱོང་དགོས་ཚུལ་གྱི་ཐུགས་བསྐྱེད་ཟབ་མོའི་བཀའ་དྲིན་བསྐྱངས།

       ཟླ་༨ཚེས་༡༤ཉིན་ཁྱུང་ལུང་སྤྲེའུ་མཁར་དང་རིག་འཛིན་རྒྱལ་བ་ཀུན་གྱི་སྒྲུབ་གནས་སུ་གྱུར་བ་གནས་ཆེན་བྱ་རི་གཙུག་ལྡན་ལ་གནས་མཇལ་བྱས་མཐར། ལྷོ་འཛམ་བུའི་གླིང་གི་ལྟེ་བ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ་བོ། ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོ། ཞང་ཞུང་བོན་གྱི་བླ་རི་གངས་དཀར་ཏི་སེ་ལ་གནས་མཇལ་དུ་ཕེབས། དེ་གར་དགེ་སློང་བསྟན་འཛིན་དབང་གྲགས་ཀྱི་དངོས་སློབ་ཕུར་བུ་རྒྱལ་མཚན་དང་བསྟན་ཆོས་སོགས་ཀྱི་ཕེབས་བསུའི་འོག་དགེ་སློང་རིན་པོ་ཆེས་ཕྱག་བཏབ་པའི་གངས་ཏི་སེ་བོད་སྨན་སློབ་གྲྭའི་སྣེ་ལེན་ཁང་དུ་གདན་ཞུས་མཛད། ཕྱི་ཉིན་མངའ་རིས་བླ་མ་གཡུང་དྲུང་མཐར་ཕྱིན་དང་སྦྱིན་བདག་མ་གནམ་གང་གཉིས་ནས་ཏི་སེ་མདུན་རོལ་དུ་ད་ལྟ་བཞེངས་བསྐྲུན་བྱེད་བཞིན་པའི་འོལ་མོ་ལུང་རིང་མགྲོན་ཁང་ལ་བཀྲ་ཤིས་མངའ་དབུལ་རབ་གནས་དང་བསང་གསོལ་རླུང་རྟ་བསྐྱོན་ཏེ་གཡུང་དྲུང་བོན་གྱི་བསྟན་པ་ཡུན་རིང་དུ་གནས་པ་དང་སྐྱེ་འགྲོ་མཐའ་དག་བདེ་ལ་བཀོད་པའི་ཐུགས་སྨོན་བསྩལ། ཚེས་༡༦ཉིན་ནས་སྤུ་ཧྲང་རྫོང་ཁོངས་ཀྱི་ལོ་རིན་ཆེན་བཟང་པོའི་གདན་ས་འཁོར་ཆགས་དགོན་དང་ཡི་དམ་སྟག་ལྷ་མེ་འབར་གྱི་གནས་རི་སྟག་རི་ཁྲ་བོ། ཏི་སེ་གཡོན་ཕྱོགས་ཀྱི་ཧྲོམ་པོ་རྫ་བཟང་ཕྱུག་མོ་ཞེས་བྱ་བ་ཞང་ཞུང་སྤོས་རི་ངད་ལྡན་གསས་ཀྱི་རི། མུ་ལེ་མཚོ་༼ཡོངས་གྲགས་ཀྱིས་ཡ་ང་མཚོ་ཟེར་མོད། བླ་མ་རིན་པོ་ཆེ་ནས་མཚོ་འདི་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི་མ་མོ་སྲོག་སྒྲུབ་ཀྱི་གཞུང་ལས། གཡའ་དང་མུན་པའི་གུར་ཁང་ན། །སྤྲིན་དང་ན་བུན་ཚུར་རོལ་ན། །སྟག་རི་ཁྲ་བོའི་མར་ཞབས་ན། །དུག་རི་ནག་པོའི་རྩེ་མོ་ན། །མུ་ལེ་མཚོ་ཡི་གཏིང་རུམ་ན། །གཡུ་དང་མུན་པའི་གུར་ཁང་ན། །སྒྲ་བླའི་རྒྱལ་མོ་མཐུ་མོ་ཆེ། །ཞེས་པའི་མུ་ལེ་མཚོ་ཡིན་པར་ངོས་འཛིན་བྱས། མཚོ་དཀྱིལ་དུ་དབལ་འབར་མེ་རི་དོ་ལ་གསང་ཕུག་གཡུང་དྲུང་འོད་འབར་སོགས་དང་བོན་པོའི་སྒྲུབ་གནས་མང་དུ་ཡོད་པར་གྲགས༽སོགས་ལ་གནས་མཇལ་དང་མ་ཕམ་གཡུ་མཚོར་བསྐོར་བར་ཕྱིན་རྗེས་རྩ་མདའ་རྫོང་ཁོངས་ཀྱི་མཐོ་ལྡིང་དགོན་དང་གུ་གེའི་མཁར་ཤུལ་སོགས་ལ་གཟིགས་སྐོར་དུ་ཕེབས།

       ཟླ་༨ཚེས་༡༨ཉིན་ཕྱིར་མངའ་རིས་ནས་ལྷ་སར་བསྐྱོད་པའི་ལམ་ཁར་དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་གནས་ཆེན་མོ་ཟང་ཟང་ལྷ་བྲག་དང་སྲིད་གསུམ། ས་སྐྱ་དགོན་པར་བཞུགས་པའི་སྟོན་མཆོག་གཤེན་རབ་མི་བོའི་ཚེམས་དུང་འཕར་ཆེན་དང་གཡུང་དྲུང་བོན་གྱི་ཁམས་ཆེན་སོགས་ལ་མཆོད་མཇལ་བྱས་རྗེས། དམུ་རིགས་གཤེན་གྱི་གདན་ས་གཙོ་བོ་གཤེན་དར་ལྡིང་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་གཉིས་ཀྱི་རྟེན་དང་བརྟེན་པར་མཆོད་མཇལ་དང་དེར་བཞུགས་ཀྱི་བླ་གྲྭ་སུམ་ཅུ་ལྷག་ལ་ལྷ་དར་གྱིས་ཐོག་དྲངས་ཏེ་དམངས་སྒོར་བརྒྱ་རེ་བཅས་ཚོགས་འགྱེད་གནང་བ་དང་ཞར་དུ་གཤེན་གྱི་ལྷ་སྡེ་མང་ཚོགས་མང་པོར་མཇལ་ཁ་གནང་། རྗེས་སུ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་དུ་བཞུགས་པའི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསེར་གདུང་ཆེན་མོ་དང་དེར་བཞུགས་ཀྱི་བྱིན་ཅན་རྟེན་དང་བརྟེན་པར་མཆོད་མཇལ་བྱས་རྗེས་བྲུ་རྒྱལ་བ་གཡུང་དྲུང་གི་གདན་ས་གཡས་རུ་དབེན་ས་ཁ་དང་གྲྭ་ས་འོག་མ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་གདན་ས་རུ་ལག་གཡུང་དྲུང་གླིང་། རྨེའུ་མཁས་པ་དཔལ་ཆེན་གྱི་གདན་ས་བཟང་རི་རྨེའུ་ཚང་དགོན་བཅས་ལ་ཞབས་སར་འཁོད་རྗེས་ལྷ་སར་ཕེབས། ཕྱི་ཉིན་ལྷ་སར་དད་ལྡན་བོན་འབངས་མང་པོར་མཇལ་ཁ་དང་ལྷག་པར་ཁྱུང་ཡུལ་ཀོ་དགོན་གྱི་བླ་མ་ཟླ་གྲགས་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་དང་མཁན་པོ་དགེ་ལེགས་སྐུ་འཁོར་དང་བཅས་པ་བླ་མར་མཇལ་བཅར་ཞུས་ཏེ་བསྟན་པའི་ལས་དོན་ཐད་ནས་བཀའ་གྲོས་མཛད།

       ཟླ་༨ཚེས་༢༢ཉིན་བརྒྱ་བའི་མགོན་པོ་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་གནས་མཆོག་ཀོང་པོ་བོན་རིར་ཕྱག་ཕེབས་གནང་སྟེ་སྟག་ལྷའི་སྐུ་ཤུག་ལ་དངོས་མཇལ་གནང་། རྗེས་སུ་སྐུ་ཤུག་དགོན་པའི་བླ་མ་ཐབས་མཁས་རྒྱ་མཚོ་མཆོག་གི་སྐུ་ཚབ་པའི་གདན་ཞུ་བཞིན་ཉིང་ཁྲིའི་སྐུ་ཤུག་དགོན་པར་ཆིབས་བསྒྱུར་གནང་། ཕྱི་ཉིན་ནས་རྒྱལ་རི་སྨིན་གྲོལ་གླིང་གི་བླ་མ་ཡེ་ཤེས་ཐབས་མཁས་དང་སྟག་རྩེ་རི་ཁྲོད་ཀྱི་སྤྲུལ་སྐུ་བློ་བཟང་ཉི་མ། སྤུངས་རི་དགོན་པའི་སྤྲུལ་སྐུ་བློ་གྲོས་གཙུག་ཕུད། སྟག་བྲོ་དགའ་ཚལ་གཡུང་དྲུང་གླིང་གི་དགོན་བདག་བསོད་ནམས་དབང་ཆེན་སོགས་ཀྱི་རེ་ཞུ་བཞིན་དགོན་པ་སོ་སོར་ཕེབས་ནས་རབ་གནས་ཁྲུས་གསོལ་གནང་། ཚེས་༢༤ཉིན་ཐུགས་སྤྲུལ་བོན་རི་ཆེན་པོའི་མདུན་ཞོལ་དུ་གནས་པའི་སྙེ་མོ་ལ་རྩའི་མཛོ་སྒང་ཚེ་དབང་ནོར་བུའི་ཁྱིམ་དུ་ནག་ཆུ་དང་ཆབ་མདོ། ཨ་མདོ། རྒྱལ་མོ་ཚ་བ་རོང་བཅས་ཀྱི་བསྐོར་ཡུལ་པ་དང་ཉིང་ཁྲི་ས་ཁུལ་གྱི་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཏྲིའི་ཚེ་དབང་ཚེ་སྒྲུབ་ཀྱི་དབང་མཆོག་བསྐུར་བ་དང་སྙིང་པོ་རྣམ་གསུམ་གྱི་ཡིག་འབྲུ་རེ་རེའི་གོ་དོན་རྒྱས་འགྲེལ་དང་ལུང་བཅས་གནང་སྟེ་འགྲོ་ཁམས་བདེ་ལ་བཀོད་པའི་དགེ་སྡིག་སྤངས་བླང་གི་བསླབ་བྱ་ཅི་རིགས་གནང་བའོ། །


དཔའ་ཤོད་རྫོང་དང་མཛོ་སྒང་རྫོང་ཁོངས་ཀྱི་བོན་འབངས་རྣམས་ཀྱིས་ཕེབས་བསུར་ངང་སྒུག་གི་ཚུལ།

       ཟླ་༨ཚེས་༢༥ཉིན་ཀོང་པོ་ནས་ཆབ་མདོ་བརྒྱུད་རང་དགོན་དུ་ཕེབས་པའི་ལམ་ཁར་ཀོང་པོ་ཀླུ་ནང་གི་ལྷ་རི་གཡུང་དྲུང་གསང་བ་རྩལ་ལ་བསྐོར་བ་དང་དེར་གནས་སྡོད་ཀྱི་ཚ་རོང་བོན་འབངས་རྣམས་ལ་མཇལ་ཁ་ཞུས། དགུང་ཁར་དཔའ་ཤོད་རྫོང་ཁོངས་ཀྱི་འབུ་ལང་དགོན་དང་དབེན་མཛོ་དགོན། ཝ་དྭགས་དགོན། གནས་གནང་རྩེ་དགོན་སོགས་ཀྱི་གདན་ཞུ་ཆིབས་བསུ་བྱས་འོག་ཝ་དྭགས་བཀྲ་ཤིས་རྩེ་དགོན་དུ་ཕྱག་ཕེབས་གནང་སྟེ་བླ་གྲྭ་དད་ལྡན་རྣམས་ལ་མཇལ་ཁ་ཞུས། ཕྱི་ཉིན་མཛོ་སྒང་རྫོང་ཁོངས་ཀྱི་ཁྲི་འདུ་དགོན་དང་དབྱི་དྲག་པོ་ཁྱུང་རྫོང་དགོན། དབའ་མདའ་དགོན། ས་ལ་བོན་དགོན། གུར་མདོ་དགོན། ལ་ངོས་དགོན། མདོ་དར་དགོན། རྟགས་མཚན་དགོན། གོ་རེ་དགོན། ཕུག་ལྷ་དགོན། རོགས་དགོན་པ། གདོང་ཚ་དགོན། རིན་སྣེ་དགོན། ཀི་ཏི་དགོན། གསར་ཡུལ་ལྷ་རྟ་དགོན་སོགས་ཀྱི་ལས་སྣེ་དང་ལྷ་སྡེ་འགོ་ཁྲིད་པའི་རེ་ཞུ་བཞིན་མཛོ་སྒང་རྫོང་ཐོག་གི་བོན་པོའི་སྤྱི་རིམ་ཁང་དུ་གདན་ཞུས་མཛད་ནས་དད་ལྡན་སྟོང་ཕྲག་མང་པོར་སྙིང་པོ་རྣམ་གསུམ་གྱི་ལུང་དང་མཇལ་ཁ་ཞུས། དགོང་ཁར་ཆབ་མདོར་གཞིས་སྡོད་ཀྱི་བོན་འབངས་མང་པོའི་སྣེ་ལེན་ཟབ་རྒྱས་གནང་བ་དང་བྱིན་རླབས་མཇལ་ཞུ་ཞུས་རྗེས་ཡུལ་ཤུལ་བརྒྱུད་ཚེས་༢༩ཉིན་རང་དགོན་གྱི་ལྷ་སྡེ་བོན་བརྒྱ་འབྲོག་བོན་མང་སྤྱི་བས་ཕེབས་བསུའི་ཆིབས་བསུ་བྱས་ཏེ་བོན་བརྒྱ་ཉི་མ་ལུང་དུ་གདན་ཞུས་མཛད། ཟླ་༩ཚེས་༡ཉིན་རང་དགོན་གྱི་འདུས་གྲྭ་ཐུན་མོང་ནས་བླ་མ་རིན་པོ་ཆེ་ཟླ་གཅིག་ལྷག་ལ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་ཕྱོགས་སུ་མཛད་འཕྲིན་བསྐྱངས་ཏེ་བདེ་གནས་ངང་རང་དགོན་དུ་ཞབས་སར་འཁོད་པ་ལ་དགྱེས་ཚོར་ཆེན་པོའི་སྒོ་ནས་རྟེན་འབྲེལ་གྱི་ལྷ་དར་དྲངས་ཏེ་བོན་བརྒྱ་བླ་བྲང་དུ་ཕེབས་བསུ་བྱས་པའི་གནས་ཚུལ་ཙམ་ཁྲི་བསོད་བསྟན་གྱིས་མཚམས་སྦྱར་བའོ། །

 
 
Re:བོན་བརྒྱ་རིན་པོ་ཆེ་སྟོད་མངའ་རིས་སུ་ཆིབས་བསྒྱུར་བསྐྱངས་པ།
[ 2012/5/14 13:17:28 | By: སྐུ་མགྲོན་0gw3AM(སྐུ་མགྲོན) ]
 
སྐུ་མགྲོན་0gw3AM(སྐུ་མགྲོན)སྟག་རི་ཁྲ་བོ་ནི་དགྲ་བླའི་རྒྱལ་མོའི་གནས་རི་ཡིན་པ་ལས་སྟག་ལ་མེ་འབར་གྱི་གནས་རི་ཟེར་མཁན་ད་རེས་ཐོག་མར་ཆགས་ཡོད།དེར་བརྟེན་ཞིབ་འཇུག་གནང་བར་གཟབ།
 
 
Re:བོན་བརྒྱ་རིན་པོ་ཆེ་སྟོད་མངའ་རིས་སུ་ཆིབས་བསྒྱུར་བསྐྱངས་པ།
[ 2011/10/4 19:54:40 | By: yongzhou ]
 
yongzhouཧ་ཅང་ལེགས། སྤེལ་བར་བདེ་ལེགས་ཀྱི་ཁ་གཡང་ཡོད།

ཡ་བྲང་གཡུ་འབྲུག
 
 
Re:བོན་བརྒྱ་རིན་པོ་ཆེ་སྟོད་མངའ་རིས་སུ་ཆིབས་བསྒྱུར་བསྐྱངས་པ།
[ 2011/10/3 14:53:09 | By: སྐུ་མགྲོན་KPFr3V(སྐུ་མགྲོན) ]
 
སྐུ་མགྲོན་KPFr3V(སྐུ་མགྲོན)གནས་ཚུལ་ཡག་པོ་འདུག རྟེན་འབྲེལ་ཞུ།
 
 
Re:བོན་བརྒྱ་རིན་པོ་ཆེ་སྟོད་མངའ་རིས་སུ་ཆིབས་བསྒྱུར་བསྐྱངས་པ།
[ 2011/10/3 11:58:52 | By: སྐུ་མགྲོན་Kpf6JV(སྐུ་མགྲོན) ]
 
སྐུ་མགྲོན་Kpf6JV(སྐུ་མགྲོན)སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལ་གོང་བཀུར་དང་ཁོང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན། ལྷག་པར་ཁྲི་བསོད་བསྟན་ནས་འདི་འདྲ་གནས་ཚུལ་རྒྱས་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.