ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྒྱ་གྲོལ་ནས་ཏི་སེ་དཔེ་ཚོགས་ལ་ཕུལ་བའི་ཤིས་ཚིག
[ 2011/7/9 10:46:00 | By: ཁྲི་བསོད་བསྟན། ]
 

རྒྱ་གྲོལ།

མཚོ་སྔོན་ཀླུ་ཚང་དགོན་གྱི་དགེ་བཤེས།

༼བསམ་བློའི་ཤེས་རིག༽ལོ་དེབ་ཀྱི་གཙོ་སྒྲིག་པ།

ར་རྒྱ་ཤེས་རིག་སློབ་གླིང་གི་གདན་ཞུའི་སློབ་དཔོན།

གཡུང་དྲུང་བོན་གྱི་དཔེ་ཚོགས་པར་དུ་བསྐྲུན་པར་ཕུལ་བའི་གཏམ།

      ད་ལྟ་ནང་བ་སངས་རྒྱས་པ་ལ་དད་པའི་བོད་མང་བོ་བོན་ལ་ཆ་རྒྱུས་མེད་ལ་བོན་པོ་མང་བོ་ཞིག་ཀྱང་བོན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་ཆ་རྒྱུས་མེད་པས་བོན་པོ་ཡིན་ན་ཕྱི་རོལ་བའི་ཆོས་ལོག་ཅིག་ཏུ་འཛིན་བཞིན་ཡོད་པ་རེད། བདག་ཀྱང་བོན་གྱི་གཞུང་དག་ལ་འབྲེལ་འདྲིས་མ་བྱུང་བའི་སྔ་རོལ་ཏུ་དེ་ལྟ་བུ་ཞིག་ཡིན་པ་སྨོས་མ་དགོས། རིག་གསར་སྐབས་སུ་བདག་གི་དགེ་རྒན་དམ་པ་སྨྲ་བའི་སེང་ཆེན་ཀླུ་ཚང་དགེ་འདུན་རྒྱ་མཚོ་མཆོག་དང་གཡུང་དྲུང་བོན་གྱི་བསྟན་འཛིན་ཆེན་མོ་གཡུང་དྲུང་ལྷུན་གྲུབ་བསྟན་པ་འབྲུག་གྲགས་གཉིས་མི་ངན་རིགས་བཞིའི་གྲས་སུ་བརྩིས་ནས་འཐབ་རྩོད་བྱེད་ཀྱིན་པའི་སྐབས་ཤིག་ལྷན་དུ་བཞུགས་ནས་གྲུབ་མཐའི་སྐོར་ལ་བགྲོ་གླེང་མང་པོ་བྱས་མྱོང་ལ། རྗེས་སུ་སྲིད་ཇུས་གུ་ཡངས་སུ་སོང་བའི་སྐབས་ཤིག་བདག་གི་དགེ་རྒན་དམ་པ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་འཛིན་ཆེན་མོས་ངོ་སྤྲོད་བཞིན་ཚུལ་ཆེན་ལམ་རིམ་ལ་གཟིགས་ནས་ཁྱོད་ཚོ་བོན་པོ་འདི་ལྟར་འགྲོ་བཞིན་ཡོད་ན་ང་ཚོ་ལ་ཁྱད་པར་མི་འདུག་ཅེས་གསུངས་མྱོང་། ཁོང་གིས་རྗེས་སུ་བདག་ལ་དེའི་སྐོར་གསུངས་པས་བདག་གིས་ཀྱང་དཔེ་ཆ་དེ་ལ་བལྟ་འདོད་པའི་ཀུན་སློང་དབང་མེད་དུ་སྐྱེས་བྱུང་། རྗེས་སུ་བདག་གི་མ་བསམ་ས་ནས་ཚུལ་ཆེན་ལམ་རིམ་ལག་ཏུ་སོན་ནས་འགོ་ནས་མཇུག་བར་ཞིབ་མོར་བཀླགས་པས་བདག་ལ་ངེས་ཤེས་ཆེན་པོ་བྱུང་། དེ་བས་ངས་བན་བོན་གཉིས་ཀྱི་ལམ་རིམ་ཞིབ་བསྡུར་ཞིག་བྱེད་ཨེ་ཐུབ་སྙམ་ནས་ཡོད་དུས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ཞིག་ལ་དཔེ་ཆ་དེ་བྱིན་ནས་ལས་བཅོལ་ནས་ཡུན་རིང་འགོར་མོད། ད་དུང་མཐོང་ལམ་དུ་མངོན་མ་བྱུང་། དེའི་རྗེས་བོན་གྱི་ཚད་མ་དང་ཕར་ཕྱིན་མངོན་པ་སོགས་དཔེ་ཆ་མང་པོ་ཞིག་བཀླགས་མྱོང་བས་བོན་གཞུང་གི་བོན་དང་ང་ཚོའི་བསམ་ངོ་ན་ཡོད་པའི་བོན་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་ཤེས་སོང་། ང་ཚོས་གསལ་བོ་ཞིག་བཤད་ཆོག་པ་ནི་བོན་དང་གཡུང་དྲུང་བོན་གཉིས་མི་འདྲ་ལ། བོན་ཕྱི་བ་དང་བོན་ནང་བ་གཉིས་ཀྱང་གཏན་ནས་མི་འདྲ་བས་བོན་ནང་བ་སྟེ་གཡུང་དྲུང་བོན་པོ་ནི་འཚེ་མེད་སྙིང་རྗེ་རབ་ཏུ་ཕྱེ་བའི་བསྟན་པ་ཡིན་ལ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ལ་བསམ་ན་གནད་མང་བོ་ཞིག་གསལ་བོར་འབྱིན་ནུས། ལྷག་པར་འགོ་སྐྱབས་འགྲོ་ནས་མཇུག་ཟུང་འཇུག་གི་བར་ཞིབ་མོ་ཞིག་བསྡུར་ཐུབ་རྒྱུ་ན་ཟབ་མོའི་གཏེར་ཁ་ཞིག་འབྱེད་པར་གདོན་མི་ཟ། དེ་བས་ཕྱི་རྣམ་པ་ནི་ཕྱི་རྣམ་པ་ཞིག་ཡིན་པས་ནང་གི་ཟབ་མོའི་དོན་ལ་བསམ་དགོས་ལ། ཟབ་དོན་དེ་དག་ཇི་འདྲ་ཞིག་ཡིན་མིན་དེའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ལ་བལྟ་དགོས་པ་རེད། དེ་ཐུན་མོང་མ་ཡིན་པའི་ཟབ་པའི་གནད་མ་ཤེས། ཡངས་པའི་དོན་མི་བསམ་པ་ནི་བླུན་པོའི་སྤྱོད་པ་ཡིན་པས་ད་རེས་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་སྟོན་པའི་བསྟན་བཅོས་དྭངས་མ་མང་བོ་ཕྱོགས་གཅིག་ཏུ་བསྡུས་ནས༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་བསྐྲུན་པ་འདི་ནི་གཡུང་དྲུང་བོན་གྱི་བསྟན་འཛིན་དག་ལ་མཚོན་ན་བསྟན་པའི་རྒྱལ་མཚན་མཁའ་རུ་སྒྲེང་བ་ཡིན་ལ། ཉམས་བཞེས་ལྷུ་རུ་ལེན་པའི་གཡུང་དྲུང་བ་དག་ལ་མཚོན་ན་བདུད་རྩིའི་ཉིང་ཁུ་འཁྱིལ་བའི་རོལ་མཚོ་ཞིག་ཡིན། བདག་དང་བདག་ལྟ་བུའི་གཡུང་དྲུང་བོན་གྱི་ཕྱི་རོལ་ན་ཡོད་པ་དག་ལ་མཚོན་ན་སྔར་མེད་ལྟད་མོར་ལྟ་བའི་རྒྱང་མཐོང་ཞིག་ཡིན་ལ། གཡུང་དྲུང་བོན་ལ་ཞིག་འཇུག་བྱེད་པའི་ཞིག་འཇུག་པར་མཚོན་ན་མེད་དུ་མི་རུང་བའི་གཏེར་ཁ་ཞིག་ཡིན་པས་དཔེ་ཚོགས་འདི་པར་དུ་བསྐྲུན་པ་ལ་རྗེས་སུ་ཡི་རངས་བཅས་ཆེད་དུ་བཀྲ་ཤིས་བདེ་ལེགས་ཞུ།

ཤེས་རབ་བསྟན་དར་གྱིས་མང་ར་ནས།
༢༠༡༠ལོའི་ཧོར་ཟླ༡ཚེས༡༠ལ་ཕུལ།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.