ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གསར་རྙེད་དང་ཞིབ་འཇུག
[ 2011/12/4 9:17:00 | By: ཁྲི་བསོད་བསྟན། ]
 

ཁྲི་བསོད་བསྟན།

   ༼ཧི་མ་ལ་ཡའི་བོན༽དྲ་ཚིགས་ཀྱི་གཙོ་སྒྲུབ་པ།

   ༼དཔྱོད་ལྡན་མཆོད་པའི་མེ་ཏོག༽གི་གཙོ་སྒྲིག་པ།

 

ལ་རྒྱ་དང་གཟི་བརྗིད་ཀྱི་དན་རྟགས།

 

  བཅུ་ཕྲག་རིག་མཛོད་ཆེན་མོ༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་པར་བསྐྲུན་

ལེགས་འགྲུབ་ཀྱི་དགྱེས་སྟོན་དུ།

དེ་ཡང་གངས་རྒྱལ་ཏི་སེ་འདབས་རོལ་ནས་མཆེད་པའི་གཡུང་དྲུང་བོན་ཞེས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་གངས་རིའི་ལྗོངས་སུ་ཐོག་མར་དབུ་བརྙེས་པ་ནས་བཟུང་།  དུས་རབས་དུ་མའི་ནང་དུ་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཞོལ་བའི་སྔོན་བྱོན་མཁས་གྲུབ་བགྲང་ལས་འདས་པ་ཟམ་མི་ཆད་པར་བྱོན་པས་ན།  སྐྱེས་བུ་དེ་དག་གིས་ཀྱང་རྣམ་དཔྱོད་རིག་པའི་རྩལ་ལ་བརྟེན་ནས་རིན་ཐང་གཞལ་དུ་མེད་པའི་དཔེ་ཡི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་ཞིག་བརྩམས་ཏེ།  བོད་ཀྱི་རིག་གནས་བང་མཛོད་ནང་དུ་ཟད་མི་ཤེས་པའི་མཛད་རྗེས་རླབས་ཆེན་བཞག་པ་ད་ལྟའི་རང་རིགས་བོད་ཀྱི་མི་རབས་གསར་བ་འདིའི་ངོམ་ཆོག་པའི་ལ་རྒྱ་དང་རྒྱལ་ཁའི་གཟི་བརྗིད་དུ་ཆེའོ། 

ང་ཚོས་རྒྱུན་རིང་བའི་ལོ་རྒྱུས་ཤིག་ལ་ཞིབ་ལྟ་གནང་དགོས་ཚེ་ངེས་པར་དུ་རང་གཞན་གཉིས་ཀའི་གཞུང་ལུགས་ཀྱི་རྩ་བའི་གྲུབ་ཆ་དང་ལྟ་བའི་ཆགས་སྟངས། རིག་གཞུང་ཁྱབ་ཁོངས་སོགས་ལ་དཔྱད་འཇོག་ཞིབ་ཕྲ་བྱེད་དགོས་པ་ནི་ཞིབ་འཇུག་གི་སྔོན་དུ་འགྲོ་དགོས་བའི་མ་མཐའི་ཆ་རྐྱེན་ཞིག་ཏུ་སེམས།  འཛམ་གླིང་རིག་གནས་ལོ་རྒྱུས་ཐོག་ཏུའང་།  གཡུང་དྲུང་བོན་ཞེས་པའི་གྲུབ་མཐའ་འདི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཆ་ཕུན་སུམ་ཚོགས་པས་ན་ཞིབ་འཇུག་གི་རིན་ཐང་ཆེ་ཆེར་ལྡན་པ་སོགས་ཀྱི་ཁྱད་ནུས་ལྡན་པས།  རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཞིབ་འཇུག་བྱེད་མཁན་ཡང་མང་པོ་ཞིག་མཆིས་མོད་ཁ་ཅིག་ནི་དཔྱད་འཇོག་གི་གདེང་མ་ཐོབ་ཅིང་ལུང་རིག་གི་རྒྱབ་བརྟེན་བྲལ་བ།  སྨྲ་ལྕེ་བདེ་མོས་གང་བྱུང་འོལ་ཚོད་ཀྱི་གཏམ་འཆལ་སྨྲ་བར་སྤྲོ་བ་ནི་རང་རེའི་ཁུངས་བཙན་པའི་ལོ་རྒྱུས་ཀྱི་ཡུར་བ་ལ་དོན་མེད་ཀྱི་བཙོག་ཆུ་འདྲེན་པ་ལས་མ་མཆིས། ལྷག་པར་བོད་ཀྱི་ཤེས་ལྡན་པ་སྐོར་ཞིག་བསམ་བློའི་འཆིང་རྒྱ་ལས་མ་གྲོལ་ཞིང་ཅི་བགྱིས་མཁྲེགས་འཛིན་དང་ཕྱོགས་ལྷུང་ཁོ་ནའི་དབང་དུ་སོང་སྟེ་རྨིང་མཐུག་པོའི་རིག་གནས་ཀྱི་རྒྱབ་ལྗོངས་མི་རིགས་གཞན་ལ་གཏུགས་ཅི་ཐུབ་བྱེད་ཅིང་གཞན་གྱི་གྲགས་པ་ཁོ་ནའི་རྗེས་སུ་འབྲངས་ཏེ་ས་སྟོན་གནམ་སྟོན་བྱེད་པ་ནི་ཡིད་སྐྱོ་བའི་ཟློས་གར་ཙམ་དུ་ཟད། དེ་ལའང་རྒྱུ་རྐྱེན་སྣ་ཚོགས་ཤིག་མཆིས་ཏེ་རང་རེའི་སྔ་རབས་ཡིག་ཚང་ཕལ་མོ་ཆེ་ལ་ལ་ཞིག་ནི་དུས་རྐྱེན་གྱི་དབང་གིས་གསང་བའི་གཏེར་རྒྱར་སྦས་ཤིང༌། ལ་ལ་ནི་ཆོས་ལུགས་གྲུབ་མཐའ་ཁག་གིས་འགལ་བའི་དབང་གིས་མེད་བརླག་ཏུ་བཟོས་པ་ནི་ང་ཚོ་སུས་ཀྱང་ཁ་གསབ་མི་ཐུབ་པའི་རིག་གཞུང་ཐད་ཀྱི་གྱོང་གུད་དང་ལོ་རྒྱུས་ཡིག་ཚང་ནང་གི་ནག་ཉེས་ཤིག་ཏུ་མི་བགྲང་ཐབས་མེད་ཡིན།

དེ་བས་གསལ་དག་པའི་ལོ་རྒྱུས་ཀྱི་བདེན་ཁ་བཀྲོལ་བ་དང་བློ་ལྡན་དོན་གཉེར་ཅན་ལ་བསླབ་གཞིའི་འདོད་བློ་སྐོང་བ།  གཡུང་དྲུང་བོན་གྱི་བདེན་པའི་ལྟ་བ་ཡང་དག་ཅིག་རིག་གཞུང་ཞིབ་འཇུག་སྨྲ་བ་དག་གི་སྤྱན་ལམ་དུ་བསྟར་ཆེད།  མདོ་སྨད་རྩེ་ཞིག་དགོན་པས་དཔེ་སྒྲིག་གི་ལས་འགན་ལྗི་མོ་འདི་ཕྲག་ཏུ་བླངས་ནས།  ཞང་བོད་ཀྱི་སྔོན་བྱོན་མཁས་གྲུབ་རྣམས་དང་ད་ལྟའི་མཁས་དབང་རྣམ་པས་བསྲེགས་བཅད་བརྡར་བའི་གསེར་བཞིན་བརྟགས་ཤིང་དཔྱད་དེ་ལེགས་པར་གཏན་ལ་ཕབ་པའི་བསྟན་བཅོས་མང་པོ་ཞིག་ལས།  དེ་སྔར་ལག་སོན་མ་བྱུང་བའི་དཔེ་རྙིང་ཁག་ཅིག་དང་མཁོས་གལ་ཆེ་བའི་དཔེ་སྣ་ཆིག་བརྒྱ་ལྔ་བཅུ་ལྷག་བདམས་སྒྲིག་གི་ཚུལ་གྱིས༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ཞེས་པོད་ཉེར་ལྔའི་བདག་ཉིད་ཅན་འདི་དཔེ་བསྐྲུན་བྱེད་ཐུབ་པ་བྱུང་བ་ནི་རང་རེའི་ལོ་རྒྱུས་ཀྱི་སྲོག་རྩ་ལ་ཁ་ལོ་སྒྱུར་བྱེད་ཀྱི་ལྡེ་མིག་ཉག་ཅིག་ཏུ་མཐོང་བས་རང་ཉིད་ཀྱིས་ཀྱང་གང་ནུས་ཅི་ལྕོགས་ཀྱིས་ཞུ་དག་དང་དཔེ་སྒྲིག་ཇུས་འགོད་སོགས་ཀྱི་ཐད་ལ་མཐའ་གཅིག་ཏུ་གཞོལ་ཅི་ཐུབ་བགྱིས་ཤིང༌། འདི་ནི་རྨ་མེད་པའི་ལོ་རྒྱུས་ཀྱི་གཡའ་སེལ་ལྟ་བུ་ཞིག་ཏུ་འགྱུར་རྒྱུའི་རེ་བ་སྙིང་ནས་ཞུ་བའོ།

ཞེས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ནུས་ཚོད་ཀྱིས་སྲི་ཞུ་རེ་སྒྲུབ་ཨེ་ཐུབ་བསམ་པའི་ཀུན་སློང་གཙང་མ་དང་བཅསརེབ་གོང་བོན་བརྒྱ་དགོན་གྱི་གྲྭ་རིགས་ཁྲི་བསོད་བསྟན་ནས་པེ་ཅིན་དུ་སྤྱི་ལོ༢༠༡༠ལོའི་ཟླ༤ཚེས༢༥ཉིན་སྦྱར་བ་དགེའོ། །

 
 
Re:གསར་རྙེད་དང་ཞིབ་འཇུག
[ 2011/12/5 22:11:25 | By: སྐུ་མགྲོན་Jn15Ht(སྐུ་མགྲོན) ]
 
སྐུ་མགྲོན་Jn15Ht(སྐུ་མགྲོན)བཀླགས་ཟིན། ཡག་བྱུང་།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.