ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རྟ་རྣ་དགོན་པ། 
[ 2012/5/24 23:04:00 | By: ཁྲི་བསོད་བསྟན། ]
 


རྟ་རྣ་དགོན་པའི་ལྗོངས་ཡོངས།

བཟོ་བཀོད་ཁྱད་དུ་འཕགས་པའི་མཆོད་རྟེན།

  རྟ་རྣ་སེང་གེ་གནམ་རྫོང་ངམ་རྟ་རྣ་དགོན་པ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་སུ་མངའ་བའི་ཆོས་སྡེ་རྙིང་བ་ཞིག་ཡིན་ཞིང་། རྫོང་དེའི་ལྕི་ཆུ་ཡུལ་ཚོའི་ནུབ་ཕྱོགས་དང་། ཀ་གཞུང་ཡུལ་ཚོའི་ཤར་ཕྱོགས། ལྕི་ཉིན་སྲིབ་ཡུལ་ཚོ་གསུམ་གྱི་འདྲེས་མཚམས་སུ་རྟ་མཆོག་གི་རྣའི་དབྱིབས་ཅན་གྱི་བྲག་རི་ཞིག་ཡོད་པས་ན་རྟ་རྣ་རི་ཞེས་འབོད་པ་དང་། རྟ་རྣ་དགོན་པ་རི་དེའི་སྐེད་པར་ཆགས་འདུག་པས་རྟ་རྣ་དགོན་ཞེས་པའི་མིང་རྒྱུན་འབྱམས་སུ་སོང་ལ། རྒྱ་གར་དུ་ཡོད་པའི་རྟ་རྣ་དགོན་དང་ཁྱད་པར་འབྱེད་ཆེད་བྱང་གི་རྟ་རྣ་ཞེས་ནས་འབོད། ཡང་ཁ་ཅིག་གིས་དགོན་སྡེ་དེར་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་སུམ་ཅུ་སོགས་ཀྱི་སྐུ་གདུང་མཆོད་རྟེན་དང་རྟེན་རྫས་མང་པོ་ཡོད་པས་གླིང་གེ་སར་རྒྱལ་པོའི་དགོན་པ་ཞེས་ནས་འབོད།
  རྟ་རྣ་དགོན་ནི་ཐོག་མ་བོན་པའི་དགོན་སྡེ་ཞིག་ཡིན་ཞིང་། རྗེས་སུ་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡ་གྱལ་ཏེ་ཡེལ་བ་བཀའ་བརྒྱུད་ཀྱི་དགོན་ལག་ཏུ་བསྒྱུར། བོད་རབ་བྱུང་གསུམ་པའི་ལྕགས་ཡོས་ལོ་སྟེ་སྤྱི་ལོ1171ལ་ཕག་མོ་གྲུ་པའི་ཐུགས་སྲས་ཡེལ་བ་གྲུབ་ཐོབ་སངས་རྒྱས་ཡེ་ཤེས་བརྩེགས་པས་ཆབ་མདོ་རུ་ཡེལ་ཕུག་དགོན་པ་བཏབ་ནས་ཡེལ་བ་བཀའ་བརྒྱུད་ཀྱི་གྲུབ་མཐའ་སྤེལ་བ་རེད། སྤྱི་ལོ1188ལ་ཡེ་ཤེས་བརྩེགས་པས་རྟ་རྣ་དགོན་དུ་བྱོན་ནས་ཡེལ་བ་བཀའ་བརྒྱུད་ཀྱི་དགོན་སྡེ་རུ་བསྒྱུར་བ་དང་། བཤད་སྒྲོས་ལྟར་ན་སངས་རྒྱས་ཡེ་ཤེས་བརྩེགས་པས་གླིང་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་རྟུལ་སུམ་ཅུས་ཕྱོགས་བཞིའི་དགྲ་ཀུན་ཐལ་བའི་རྡུལ་དུ་བརླགས་ཏེ་ཁམས་གསུམ་བདེ་ལ་བཀོད་པའི་མཛད་འཕྲིན་རླབས་པོ་ཆེ་དེ་རྗེས་སུ་དྲན་པའི་ཆེད་དུ་གསར་བཞེངས་མཛད་པ་ཡིན་ཞེས་གསུངས་བར་མ་ཟད། གླིང་གེ་སར་རྒྱལ་པོ་ཡང་ཡེལ་བའི་གྲུབ་མཐའ་འཛིན་མཁན་ཡིན་པར་བཤད་ཅིང་། དགོན་སྡེ་དེ་རུ་གླིང་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་། གླིང་དཔའ་རྟུལ་རྣམས་ཀྱི་ཁྲབ་ཀྱི་མེ་ལོང་། གེ་སར་རྒྱལ་པོའི་ཁྲབ་མིག་བཅུ་གསུམ། འདན་མའི་རྨོག གེ་སར་གྱི་ཕུབ་མོ་སྦ་དམར་ལེབ། གླིང་གེ་སར་གྱི་གནས་རྟེན་བཅུ་དྲུག་གི་གསེར་ཆོས་གླེགས་ཤིང་། འཕགས་པ་བརྒྱད་སྟོང་བ་གསེར་བྲིས་མ་དང་དངུལ་བྲིས་མ་སོགས་རྟེན་འགངས་ཆེན་རིན་ཐང་གཞལ་ཡས་པ་གང་མང་བཞུགས་འདུག

གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན།

  དགོན་པའི་ཤར་ཕྱོགས་ཀྱི་རི་སྐེད་དུ་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་བརྗིད་ཉམས་ལྡན་པའི་ངང་བཞུགས་འདུག་ལ། སྐུ་གདུང་དེ་དག་ལ་བོད་སིལ་བུའི་དུས་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པ་དང་། རྡོ་དང་འཇིམ་པ་ལས་བརྩིགས་ཡོད་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གིས་བརྟག་དཔྱད་ཚད་ལེན་བྱས་པ་ལྟར་ན་སྐུ་གདུང་མཆོད་རྟེན་འདི་དག་དང་འབྲེལ་ཡོད་ཀྱི་རྟེན་རྫས་ནི་སྤྱི་ལོ1115ལོར་བཞེངས་བ་ཡིན་ཞིང་། ལོ་ཚིགས་དེ་ནི་གེ་སར་རྒྱལ་པོ་སྐུ་འཁྲུངས་པའི་དུས་སྐབས་དང་ཕལ་ཆེར་ཐོ་ཐུག་ཡོད་པ་རེད། ལོ་ཟླ་རིང་ཞིང་ཞིག་གསོ་ལེགས་པོ་བྱེད་མ་ཐུབ་པའི་དབང་གིས་དགོན་སྡེ་ནང་གི་རིག་དངོས་དང་གནའ་ཤུལ་མང་པོ་ཞིག་ལ་གནོད་སྐྱོན་ཚད་མི་འདྲ་བ་ཐེབས་འདུག
  བྱིན་རླབས་ཀྱིས་ཕྱུག་པའི་རྟེན་ཕུན་སུམ་ཚོགས་པོ་ཡོད་པའི་ཁར། ལོ་རྒྱུས་ཀྱི་བྱུང་བ་རིང་ཞིང་བཟོ་དབྱིབས་ཐུན་མོང་མ་ཡིན་པའི་དགོན་སྡེ་འདི་ལས་བོད་ཀྱི་ཁྱད་དུ་འཕགས་པའི་བཟོ་རྩལ་མངོན་ཐུབ་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་བྱུང་འཕེལ་དང་། དེ་མིན་གླིང་གེ་སར་རྒྱལ་པོའི་སྐྱེ་རབས་འབྱུང་ཁུངས་དང་མཛད་རྗེས་རླབས་ཆེན་སོགས་ལ་ཞིབ་འཇུག་བྱེད་པའི་རིག་གནས་ཀྱི་བང་མཛོད་ཅིག་དང་གཉིས་སུ་མ་མཆིས་སོ། །

1.png
སྤྲིན་པའི་བང་རིམ་ཁྲོད་ཀྱི་རྟ་རྣ་རི།

 
 
Re:བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རྟ་རྣ་དགོན་པ།
[ 2012/5/27 21:12:59 | By: yongzhoglangda ]
 
yongzhoglangdaངོ་མཚར་ཆེ་འགི
 
 
Re:བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རྟ་རྣ་དགོན་པ།
[ 2012/5/27 13:27:01 | By: སྐུ་མགྲོན་J41Pht(སྐུ་མགྲོན) ]
 
སྐུ་མགྲོན་J41Pht(སྐུ་མགྲོན)འདི་བཞིན་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
 
 
Re:བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རྟ་རྣ་དགོན་པ།
[ 2012/5/24 23:38:12 | By: snowyouth ]
 
snowyouthབོན་གྱི་དགོན་ཤུལ་དུ་གྲགས་པའི་རྟ་རྣ་དགོན་པ་འདི་སྔོན་མར་བོན་དགོན་ཆེན་པོ་ཞིག་ཏུ་གྲགས་པའི་འདི་གར་ཆེད་དུ་མཚམས་སྦྱར་བ་ལགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.