སྤྱོད་པ་མས་འཛེགས་སྙིང་རྗེ་གཞི་བསླངས་སོ་སོར་ཐར་བའི་རྩ་བ་བཙུན། །
སྒོམ་པ་ཡང་མེད་སྣང་སྲིད་དག་མཉམ་གསང་ཆེན་རིམ་གཉིས་ནང་མཛོད་བཟང་། །
ལྟ་བ་ཡས་ཕུབ་མཐའ་བཞི་རྒྱ་གྲོལ་རྫོགས་ཆེན་རིག་གདངས་སྐྱོང་བས་མཁས། །
མདོ་སྔགས་རྫོགས་གསུམ་རིས་སུ་མ་ཆད་གཡུང་དྲུང་བོན་མཆོག་སྲིད་ན་བརྗིད། །
༢༽བོན་གྱི་བླ་སྤྲུལ་ཁག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ལ་
སྤྲིངས་པའི་བརྩེ་ཆེན་གསེར་ཞུན་ཐིགས་པ།
ཞུ་སྟོན་སྐལ་བཟང་གཡུང་དྲུང་།
བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན།
ཀླུ་ཕུག་དགོན་གྱི་དགོན་བདག་ཁྲི་འཛིན་མཁན་པོ།
ཤིས་ཚིག
ད་ལམ་མདོ་སྨད་རྩེ་ཞིག་དགོན་ནས་བསྟན་དང་འགྲོ་བའི་དོན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་མདོ་སྔགས་སེམས་གསུམ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཆེད་དུ། ༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ཞེས་པའི་དེབ་གཟུགས་ཉེར་ལྔའི་གྲངས་ལྡན་ཚར་གྲངས་ཉིས་སྟོང་ཐམ་པ་པར་སྐྲུན་བྱས་ཏེ་རིས་མེད་དགོན་སྡེ་ཡོངས་ལ་རྟེན་བཞག་གནང་རྒྱུ་ནི། བསྟན་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་སྨོས་མེད་ཡིན་པས་རྩེ་ཞིག་དགོན་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་ས་ཕྱོགས་གང་ན་སུ་བཞུགས་པ་ཐམས་ཅད་མཛད་འཕྲིན་གེགས་མེད་ངང་བསྟན་དོན་མཐར་དུ་ཕྱིན་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ཞེས་ཀླུ་ཕུག་དགོན་དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་གི་སྐལ་བཟང་གཡུང་དྲུང་གིས་ཕུལ།
རྩེ་དྲུག་བསྟན་འཛིན་འོད་ཟེར།
ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན།
ཆབ་མདོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས།
ཁྱུང་པོ་སྟེང་ཆེན་རྫོང་རྩེ་དྲུག་དགོན་པའི་བླ་མ།
སྨོན་པ་དུང་སེམས་དགུ་སྒྲིལ།
ཟབ་ཅིང་ཡངས་པའི་གཡུང་དྲུང་བོན་གྱི་བཀའ་རྟེན་རྒྱ་མཚོའི་ཡང་བཅུད་གོ་བདེ་ལ། གོ་རིམ་ཡང་ལོ་རྒྱུས་དང་རིག་གནས་ནང་དོན་རིག་པ་སོགས་རྒྱུ་སྐར་ཕྲེང་བ་ལྟར་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་པར་སྐྲུན་སྤེལ་བར་མཛད་པ་ཤིན་ཏུ་བཀའ་དྲིན་ཆེ་ལ། ལྷག་པར་དུ་འཛམ་གླིང་འདིར་བློ་གྲོས་ཀྱི་མིག་དང་ལྡན་པ་རྣམས་ལ་བོན་གྱི་རིག་གནས་ཀྱི་ངོ་བོ་སྟོན་པར་མཛད་པའི་དཔེ་ཚོགས་ཤིག་ཡིན་སྟབས། དཔྱད་པ་པོ་དང་དད་འདུན་པ་རྣམས་ཀྱི་བློ་སྒོ་ཡངས་པོར་ཕྱེ་བའི་བསོད་ནམས་ཀྱི་རྒྱུ་རུ་འགྱུར་བར་སྨོན་ལམ་དང་བཅས།
རྩེ་དྲུག་བསྟན་འཛིན་འོད་ཟེར་ནས༢༠༠༩ལོའི་ཟླ༦པའི་ཚེས༢༦ཉིན།
ཐར་བདེ་ཚེ་དབང་འཇིགས་མེད།
སྡེ་དགེ་པར་ཁང་ཆེན་མོའི་འགོ་གཙོ།
སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་གཞོན།
སྡེ་དགེ་རྫོང་ཐར་བདེ་དགོན་པའི་དགོན་བདག་བླ་མ།
ཤིས་ཚིག
བསྟན་པའི་ཡང་སྙིང་གཡུང་དྲུང་བོན་སྡེ་ཡི། །
ཁྲི་ཕྲག་ལོ་རྒྱུས་བཅུ་ཕྲག་རིག་གནས་དང་། །
མདོ་སྔགས་སེམས་གསུམ་རྫོགས་པ་ཆེན་པོ་སོགས། །
གཞུང་ལུགས་པར་དུ་བསྐྲུན་པ་ཨེ་མ་རྨད། །
ཐར་བདེ་ཚེ་དབང་འཇིགས་མེད་ནས་ཕུལ།
མཁན་པོ་རྒྱ་མཚོ་ནོར་བུ།
བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན།
ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ།
དགའ་སྤྲོའི་གཏམ།
གངས་དཀར་ཏི་སེ་དང་ན་ཚོད་མཉམ་པའི། །
གངས་ཅན་མེས་པོ་ཡི་རིག་གཞུང་འདི་ཉིད། །
གངས་རིའི་ཆུ་རྒྱུན་གྱི་སྐྱེ་འགྲོའི་གསོས་སུ། །
གངས་ལྟར་ལྷག་བསམ་གྱིས་ཕུལ་བ་དགེ་འོ། །
ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་མིང་འཛིན་པ་རྒྱ་མཚོ་ནོར་བུ་ནས་སྤྱི་ལོ༢༠༠༩ལོའི་ཟླ༡༡པའི་ཚེས༥ཉིན་ཕུལ།
ལི་ཤུ་གཤེན་རྒྱལ་བསྟན་འཛིན།
སི་ཁྲོན་ཞིང་ཆེན་དམངས་ཆེན་འཐུས་ཚབ།
རྔ་བ་ཁུལ་ཆུ་ཆེན་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།
ཆུ་ཆེན་རྫོང་མཚོ་སྟེང་དགོན་པའི་དགོན་བདག་བླ་མ།
སེམས་གཏིང་ནས་བསླངས་པའི་ཞུ་འཕྲིན།
༼གངས་ཏི་སེ་བོན་གཞུང་རིག་མཛོད༽ཅེས་པའི་དཔེ་ཚོགས་འདི་ནི། འཛམ་གླིང་ཡང་རྩེ་གངས་རིའི་རྭ་བས་བསྐོར་བའི་ཞིང་དུ་གནས་འཆའ་བའི་གངས་ཅན་བོད་པ་ཞེས་པའི་རྒྱལ་ཁམས་སུ། བོད་མི་རིགས་རང་གི་སྙིང་ནོར་ཁོ་ན་དང༌སྔོན་ཐོན་གྱི་རིག་གཞུང་ཡང་དག་པ་ཡིན་པར་མ་ཟད། བོད་མི་རིགས་ཀྱི་འཚོ་བ་དང་། རིག་གཞུང་། གོམས་སྲོལ། བསམ་བློ། དད་འདུན། ལོ་རྒྱུས་ཀྱི་འཕེལ་འགྲིབ་སོགས་བདེན་པར་སྟོན་པ། ཞིབ་འཇུག་པ་རྣམས་ལ་ནི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་བདེན་དཔང་ནུས་པ། ཉམས་ལེན་པ་རྣམས་ལ་ནི་ལྟ་བ་སྒོམ་པ་སྤྱོད་པའི་དོན་འབྲས་ལྡན་པ། སློབ་སྦྱོང་བ་དང་རིག་སློབ་པ་རྣམས་ལ་ནི་ཤེས་རིག་གི་སྒོ་བརྒྱ་འབྱེད་ཐུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་པས། རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་འདི་ལ། ཕྱོགས་ལྷུང་གི་དྲི་མ་དང་བྲལ་ནས་ལྷག་བསམ་དག་པའི་སྒོས། ནོར་བུ་ལ་ནོར་ཉམས་ལོན་པ་ཞིག་དགོས། དེས་ན་འདི་ལ་ཉམས་ལེན་དང་། སློབ་སྦྱོང་། མཐོང་ཆེན་དང་ཡིད་རྟོན། ཞིབ་འཇུག་དང་ཁྱབ་སྤེལ་བཅས་བྱེད་པ་ནི་མི་སུ་ཞིག་ཡིན་རུང་འོས་པ་ཡིན་ལ་རང་རེའི་བོད་པ་ཞིག་ཡིན་ཕྱིན་དེ་ལས་ཀྱང་འོས་འགན་ཡོད་པ་ཞིག་རེད།
ལི་ཤུ་གཤེན་རྒྱལ་བསྟན་འཛིན་གྱིས་སྤྱི་ལོ༢༠༡༠ཟླ༢ཚེས༦ཉིན།
ཤེས་རབ་འོད་ཟེར་རྒྱལ་མཚན།
གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
སྣང་ཞིག་དངུལ་སྐུ་དགོན་གྱི་དགོན་བདག་སྤྲུལ་སྐུ།
ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།
རྟེན་འབྲེལ་ཞུ་ཚིག
ཞང་བོད་ཤེས་རིག་མདངས་འཛིན་གངས་རྒྱལ་ཏི་སེའི་འོད། །
མདོ་སྔགས་ཟུང་འབྲེལ་གཡུང་དྲུང་བོན་གྱི་བང་མཛོད་གཏེར། །
རིས་མེད་རྒྱལ་བསྟན་གཞུང་ལུགས་གདམས་པ་ཡོངས་འཛིན་པའི། །
སྔར་མེད་དཔེ་ཚོགས་བསྐྲུན་པར་དགའ་སྤྲོ་འབུམ་གྱིས་བརྟས། །
༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་པར་དུ་བསྐྲུན་པར་རྟེན་འབྲེལ་ཞུ་ཚིག་ཏུ་སྣང་ཞིག་དངུལ་སྐུ་དགོན་པའི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་ཕུལ་བའོ། །