ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་བཤད་པོ་ཏི་ཕྲ་མོ། 
[ 2012/2/4 22:41:00 | By: ཁྲི་བསོད་བསྟན། ]
 


ན་གཞོན་རྩོམ་པ་པོ་བན་ཤུལ་དཔལ་མཁར་རྒྱལ།

བོན་བཤད་པོ་ཏི་ཕྲ་མོཡི་སྔོན་འགྲོའི་གསལ་བཤད།

   

བོན་ཞེས་བྱ་བའི་ཐ་སྙད་ནི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་འཇིག་རྟེན་གྱི་སྟེང་ལ་མ་བྱོན་པའི་གོང་གི་དུས་རིམ་ནས་བཟུང་ཞང་ཞུང་དང་སྤུ་རྒྱལ་སོགས་ཀྱི་ཡུལ་གྲུ་ཁག་ལ་དར་ཟིན་པའི་ཐ་སྙད་རྙིང་མའི་རིགས་ཤིག་ཡིན། དེར་བརྟེན་ཐ་སྙད་འདི་ནི་ལོ་རྒྱུས་ཀྱི་དུས་རིམ་མང་པོ་མངལ་དུ་སྦྲུམ་པའི་ཤེས་བྱའི་སྒོ་ཟྭ་ཆེན་པོ་ཞིག་ཡིན་སྟབས་འདིའི་གོ་དོན་ནི་མཐའ་གཅིག་ཏུ་ཐག་གཅོད་བྱ་བར་མི་འོས་ལ་སྐབས་བསྟུན་གོ་ཐོབ་ཀྱི་དབང་དུ་བྱས་ནས་གོ་བ་བླངས་ན་རིག་གཞུང་ཞིབ་འཇུག་གི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་པར་ཕན་ནུས་ལྡན་པ་ཞིག་རེད་སྙམ། གང་ལྟར་ཏུན་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་ཐོན་པའི་བོན་གྱི་ཡིག་རྙིང་སོགས་གུང་བསྡུར་ནས་དཔྱད་ན་བོན་ཞེས་པའི་ཐ་སྙད་འདིའི་ཐོག་མའི་རྣམ་པ་ནི་གནའ་བོའི་ཆོས་ལུགས་ཉི་ཚེ་བ་དག་གི་ཁྱབ་ཁོངས་བརྒྱུད་ནས་ཐོན་པ་ཞིག་ཡིན་ངེས་ཤིང་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་བྱོན་པའི་སྣར་ཐང་མཁན་པོ་བཅོམ་ལྡན་རིག་རལ་གྱི་གྲུབ་མཐའ་ནས་བོན་ནི་བཟློས་པའི་དོན་ཡིན་ཞེས་འགྲེལ་བའང་གོང་གི་འདི་ལྟ་བུའི་དུས་རིམ་ཞིག་ལས་བོན་གྱི་གོ་དོན་ཕྱོགས་རེ་བ་ཙམ་ཞིག་ལ་གཞིགས་ནས་གསུངས་པ་ཞིག་ཡིན་ངེས་ལ་དེ་དང་འགྲོས་མཐུན་པར་དེང་རབས་ཀྱི་མཁས་དབང་ནམ་མཁའ་ནོར་བུ་མཆོག་གིས་བོན་ནི་སྔགས་བཟློས་པའི་དོན་དུ་འགྲེལ་བ་སོགས་ཀྱང་མཁས་པ་ཆེན་པོའི་གསུང་ཡིན་པས་རྒྱུ་མཚན་ཤིན་ཏུ་ཆེ་ཞིང་སྐབས་བསྟུན་གོ་ཐོབ་ཀྱི་དབང་དུ་བྱས་ཏེ་བརྟག་ན་གནད་དུ་ཐིངས་པའི་ཞིབ་འཇུག་གི་སྡོམ་ཚིག་འབའ་ཞིག་ཀྱང་ཡིན་ངེས་ཀྱང་བོན་ནི་རྣམ་པ་ཀུན་ཏུ་སྔགས་བཟློས་པའི་ཆོ་ག་ཙམ་ལ་ངོས་བཟུང་ན་ལུང་རིགས་གཉིས་ཆར་ནས་བཟློག་ཏུ་མེད་པའི་གནོད་བྱེད་འབབ་ངེས་པ་ཞིག་རེད་སྙམ། དེ་ལྟར་རྒྱུ་བོན་ཟངས་མར་སྤྱོད་པའི་འཇིག་རྟེན་མི་སྐྱའི་རང་བཞིན་ཅན་གྱི་ཆོས་ལུགས་ཉི་ཚེ་བ་དེ་དག་ནི་མ་མཐའ་ཡང་ད་ནས་བརྩིས་པའི་མི་ལོ་བཞི་སྟོང་ལྷག་ཙམ་གྱི་གོང་རོལ་དུ་ཆོས་ལུགས་ལྟར་ན་མཉམ་མེད་རྒྱལ་བ་གཤེན་རབ་མཆོག་དང་འཇིག་རྟེན་པའི་ཡུལ་ལུགས་ལྟར་ན་བོད་ཀྱི་ཆེས་ཐོག་མའི་བསམ་བློ་བ་ཆེན་པོ་གཤེན་རབ་མི་བོ་ཆེ་ཉིད་ཀྱིས་རྒྱུ་འབྲས་ཀྱི་བོན་བསྟན་ནས་སེམས་ཅན་ཐར་བའི་ལམ་མམ་ཡང་དག་པའི་བསམ་བློའི་ལམ་ཕྱོགས་སུ་བཙུད་དུས་སྔོན་མའི་འཇིག་རྟེན་ལུགས་ཀྱི་རྒྱུ་བོན་ཉི་ཚེ་བ་རྣམས་རང་བཞིན་གྱིས་ནུབ་ནས་ཕལ་ཆེར་ཤུལ་མེད་དུ་སོང་བ་ལྟ་བུ་ཞིགས་ཆགས་ཡོད་ལ་སྟོན་པ་གཤེན་རབ་མི་བོའི་བསམ་བློའི་བཅོས་བསྒྱུར་གྱི་གྲལ་དུ་ཚུད་པའི་རྒྱུའི་ཐེག་པའི་སྐོར་ནི་ད་ལྟའི་དུས་མཚམས་སུའང་བོད་ཡུལ་སྟོད་སྨད་བར་གསུམ་ན་སྤྱད་དང་སྤྱོད་བཞིན་དེ་དག་ཇི་ལྟ་བ་བཞིན་ནོ། །

གང་ལྟར་བོན་ཞེས་བྱ་བ་ནི་གནའ་བོའི་ཞང་ཞུང་དང་སྤུ་རྒྱལ་གྱི་རིག་གནས་ཐམས་ཅད་ཀྱི་ཕྱི་མོར་སྣང་བ་ནི་རིམ་བཞིན་དུ་ཀུན་ལ་མ་བགྲོས་རང་འགྲིག་གིས་ཁས་ལེན་པར་འགྱུར་བ་དང་དེ་ནི་བོད་ཀྱི་རིག་གཞུང་གི་འབྲལ་ཏུ་མེད་པའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད་པའང་དུས་རབས་གསར་བའི་རིག་གཞུང་ཞིབ་འཇུག་གི་ཁྲོད་ནས་ཀུན་གྱིས་རྭ་སྤྲོད་བྱས་ཟིན་པ་ཞིག་རེད། སྤུ་རྒྱལ་གྱི་མི་རིགས་འདི་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་དུའང་རྒྱལ་རབས་དེའི་སྲིད་དབང་ཡང་བོན་སྒྲུང་ལྡེའུ་གསུམ་སྟེ་ཆོས་ལུགས་ལ་བོན་དང་ཆབ་སྲིད་ལ་སྒྲུང་ངམ་རྒྱལ་པོ་ལ་ལྡེའུ་ཞེས་བཏགས་ཤིང་མདོར་ན་ཆོས་སྲིད་རྒྱལ་པོ་གསུམ་འཛོམས་ནས་རྒྱལ་རབས་ཀྱི་སྲིད་དབང་བརྐྱངས་ཏེ་ཐོན་པའང་ཐུན་མོང་གི་མིག་ལམ་དུ་མངོན་ཐུབ་པའི་ཡིག་ཚང་ཚད་ལྡན་དག་གིས་གསལ་བཤད་བྱས་ཡོད་པ་ཀུན་ལ་གྲགས་ཚོད་ལྟར་རེད། དེས་ན་རྩ་དོན་འདི་དག་ལ་ཞིབ་ཏུ་དཔྱད་ནས་བོད་རང་སའི་ཡུལ་ནས་ཐོན་པའི་བོན་གྱི་རིག་གནས་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་དགོས་པ་ནི་དུས་ཀྱིས་སྤྲད་པའི་འོས་འགན་ཞིག་ཏུ་མཐོང་བས་ཕྲན་ནས་དེ་དོན་སྒྲུབ་པའི་འགན་ཁུར་དེ་ཉིད་ཕྲག་ཏུ་བླངས་པ་ཙམ་ལས་འདི་ནི་ཆགས་སྡང་གི་སྦྲིད་སྨན་བསྟེན་ནས་འགལ་བའི་ཁུར་བོ་བརྩེགས་པའི་ངལ་ལས་ཞིག་ཡིན་ན་ནི་ཤེས་ལྡན་སུ་ཞིག་གིས་བཟོད་སྲིད་དམ། འགའ་ཞིག་གིས་བོན་ལུགས་ལ་ཞིབ་འཇུག་བྱས་ན་སྟོན་པ་བཅོམ་ལྡན་འདས་ལ་སྐུར་བ་འདེབས་དགོས་པར་འདོད་པ་དང་ཁ་ཅིག་གིས་སངས་རྒྱས་ཆོས་ལུགས་པ་རྣམ་དག་ཅིག་ཡིན་ན་ཡིན་གཅིག་མིན་གཉིས་བོན་ལ་སྡང་ཞུགས་བྱེད་དགོས་པར་འདོད་པ་ནི་རང་གི་བློ་སྐྱོན་མ་གཏོགས་ཆོས་ལུགས་དེ་གཉིས་ཀྱི་གཞུང་འབའ་ཞིག་གི་སྐྱོན་ནི་ག་ལ་ཡིན། གང་ཟག་འདི་དག་གིས་གྲུབ་མཐའ་རིས་མེད་ཅེས་པའི་དོན་ཡང་མ་གོ་བར་ཟད་དེ་རང་རང་ལུགས་ཀྱི་ལྟ་གྲུབ་གཙང་མ་དེ་ཆུ་འགོ་གངས་ལ་གཏུགས་པའི་དཔེ་བཞིན་རྒྱུན་བཟུང་ནས་འདུག་པ་ལས་བོན་སོགས་གྲུབ་མཐའ་གཞན་ལ་གཏན་ནས་བསྲེས་མི་རུང་ཞེས་ལབ་པ་ནི་བདེན་རྫུན་ཕུ་ཐག་མ་ཆོད་པའི་བཤད་ཡམས་ཙམ་སྟེ་གྲུབ་མཐའ་རིས་མེད་ཅེས་པ་ནི་རང་རང་གི་ལྟ་གྲུབ་རྣམས་ཀྱི་གཞི་ལམ་འབྲས་གསུམ་ལ་ནུས་པ་རྩལ་དུ་སྦྲུག་ནས་སློབ་སྦྱོང་དང་ཞོར་ལ་གྲུབ་མཐའ་གཞན་རྣམས་ཀྱང་དགག་བྱར་མ་བཟུང་བར་ཕྱིན་ན་རིས་མེད་ཡིན་པ་ལས་ས་དགེ་བཀའ་རྙིང་སོགས་ཀྱི་ལྟ་གྲུབ་ཚང་མ་སྣོད་གཅིག་ཏུ་བླུག་ནས་ཡར་བསྲེས་མར་བསྲེས་བྱས་ན་རིས་མེད་མིན་པའི་ཁར་དེས་གནོད་ཚབས་ཀྱང་ཧ་ཅང་ཆེན་པོ་འབྱུང་གི་ཡོད། དཔལ་རི་བོ་དགེ་ལྡན་པའི་མཁས་གྲུབ་གཉིས་ལྡན་པཎ་ཆེན་བློ་བཟང་ཆོས་རྒྱན་དང་སླེ་ལུང་བཞད་པའི་རྡོ་རྗེ་སོགས་གང་ཡིན་ཡང་གུ་ཡངས་པོའི་སྒོ་ནས་གྲུབ་མཐའ་གཞན་དག་ལ་ཐུགས་གཉེར་བྱས་ནས་རིས་མེད་བྱས་པ་ཞིག་ལས་གཞུང་རྣམས་ཕར་བསྲེས་ཚུར་བསྲེས་བྱས་ནས་རིས་མེད་བྱས་པ་ཞིག་མིན་སྟབས་དཔྱོད་ལྡན་རྣམས་ནས་ཀྱང་རྩ་དོན་འདིར་ཐུགས་གཞིགས་གནང་སྟེ་བོན་དང་ཇོ་ནང་སོགས་ལ་སྦྱངས་བཞིན་པའི་བོད་ཕྲུག་རྣམས་འཚར་ལོངས་བྱུང་བར་ཡང་འགོག་རྐྱེན་རྩ་བ་ནས་བཟོ་མི་རུང་ལ་འདི་ལྟ་བུའི་སྦྱོར་བ་རྩོམ་པ་ནི་རང་གིས་རང་གི་སྐེ་ལ་ལྕེབ་ཐག་བསྐོན་པ་ཀུན་ནས་མཚུངས་པ་ཞིག་ཡིན། མདོ་དོན་སྐབས་འདི་དང་འབྲེལ་ནས་གསལ་བཤད་ཞུ་སྙིང་ནི་བདག་གིས་བྲིས་པའི་བོན་གྱི་རིག་གཞུང་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་དང་དཔེ་ཆ་སོགས་གང་ཡིན་ཡང་གོང་ནས་སྨྲས་ཟིན་པ་ལྟར་བོད་ཀྱི་རིག་གཞུང་གི་རྩ་ལག་ཆེན་པོ་བོན་གྱི་ཤེས་རིག་གོང་སྤེལ་དུ་སྨན་པར་བྲིས་པ་ལས་གྲུབ་མཐའི་བར་གྱི་འགལ་རྐྱེན་དང་མི་རིགས་ཀྱི་ནང་ཁུལ་མཐུན་སྒྲིལ་ལ་གནོད་པའི་ཆེད་དུ་བྲིས་པ་ཞིག་རྩ་བ་ཉིད་ནས་མིན་པས་དེའི་ཕྱོགས་སུ་ཁྱེར་ནས་བཤད་ཡམས་སྣ་ཚོགས་རླུང་ལ་བསྐུར་བའི་རིགས་ཀྱིས་བག་ཡོད་པར་བྱ་དགོས་ལ་གཅིག་བསད་ནས་གཅིག་གི་བསྟན་པ་སྲུང་བར་འདོད་པའི་འཇིགས་སྐུལ་རིང་ལུགས་པ་དག་གིས་དེ་བས་ཀྱང་གཟབ་དགོས་ཤིང་མ་འོངས་བའི་ནང་དུ་ང་ཚོས་ས་དགེ་བཀའ་རྙིང་བོན་ལུགས་བཅས་ཆོས་བརྒྱུད་ཆེན་པོ་ལྔ་ཡིས་མཉམ་དུ་ཕྱག་རྡང་སྦྲེལ་ནས་མདུན་དུ་བགྲོད་ཐུབ་པའི་ཐུན་མོང་གི་ལམ་ཆེན་ཞིག་བཟོ་བར་འབད་པ་བྱེད་བཞིན་ཡོད་པས་རྣམ་ཀུན་དཔྱོད་ལྡན་རྣམས་ཀྱིས་ཕྱར་བ་གྲུ་འདེགས་ཀྱི་བསམ་བློའི་རྒྱབ་སྐྱོར་ཡོད་པ་ཞུ་རྒྱུ་བཅས།

གངས་རིའི་ཤར་ཕྱོགས་ཀྱི་སློབ་གཉེར་བ་ཆེན་པོ་བན་ཤུལ་དཔལ་མཁར་རྒྱལ་ནས་སྤྱི་ལོ༢༠༡༡ལོའི་སྤྱི་ཟླ༡༠བའི་ཚེས་༣༡ཉིན་ལྷ་ལྡན་དུ་གུས་པས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.