ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རེབ་གོང་སྤྱི་ཚང་སྡེ་བའི་ལོ་གསར་རོལ་སྟངས་སྐོར་གླེང་བ།
[ 2012/1/22 0:11:00 | By: ཁྲི་བསོད་བསྟན། ]
 

རེབ་གོང་རྒྱལ་བོ་སྐྱི་གཙང་སྡེ་བའི་ལོ་གསར་རོལ་སྟངས་སྐོར་གླེང་བ།

   དེ་ཡང་ལུང་བ་རེ་ལ་ཆུ་རེ་དང་སྡེ་བ་རེ་ལ་དཔེ་རེ་ཞེས་པ་ལྟར་རང་རེའི་གངས་ཅན་ཡུལ་གྲུ་ནང་ཚན་དུའང་རོང་འབྲོག་བར་དང་། ཁ་སྟོད་སྨད་བར་དུ་སྲོལ་རྒྱུན་དུས་ཆེན་གཅིག་ལ་རོལ་སྟངས་སྣ་ཚོགས་ཤིག་མཆིས་པས། འདིར་སྐབས་སུ་བབས་པ་རེབ་གོང་རྒྱལ་བོ་སྐྱི་གཙང་སྡེ་བའི་ལུགས་རྙིང་ལོ་སར་རོལ་སྟངས་ལ་ཐུན་མིན་གྱི་ཁྱད་ཆོས་འགའ་ལྡན་པར་མཐོང་ནས་དེ་བཞིན་འགོད་པར་བྱ་བ་ལ།

   རེབ་གོང་རྒྱལ་བོ་སྐྱི་གཙང་སྡེ་བ་ནི་རོང་བོ་དགོན་ཆེན་གྱི་མདུན་རི་ཞོལ་མའི་རི་ངོས་སུ་ཆགས་ཡོད་ཅིང་། གྲུབ་མཐའ་ནི་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་པའི་ལྷ་སྡེ་ཞིག་ཡིན། སྡེ་བའི་རྒྱབ་རིའི་སྟེང་བུད་ཚེ་རེབ་གོང་ཤོག་ཁ་བཅུ་གཉིས་སོ་སོའི་ཡུལ་སྡེ་ཚང་མ་ལག་མཐིལ་གྱི་རི་མོ་བཞིན་མཐོང་ཐུབ། ཡུལ་དེའི་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་གནའ་ནས་བཟུང་ལོ་སར་དུས་ཆེན་རོལ་བར་ཕྱོགས་ཧ་ཅང་ཆེ་ཞིང་རྩེད་སྟོན་བྱེད་པར་ཆེས་སྤྲོ་བ་ཞིག་ཡིན། །

   བོད་ལོ་ཉི་ཤུ་ཚེས་མ་ཐག་ནས་ཁྱིམ་ཚང་སོ་སོས་ལོ་སར་བསུ་བའི་སྟ་གོན་ལ་དུད་པ་ལེན་པ་དང་སྣུམ་འཁུར་འཚོད་པ། དྲ་མའི་ཤོག་རྙིང་བརྗེ་བ་སོགས་ཀྱི་ལས་ཀའི་མགོ་འཛིན། དེ་ཡང་དུད་པ་ལེན་སྐབས་ཉི་མ་སྐར་མར་བལྟ་བ་དང་རྩིས་སོགས་བྱས་ནས། དུད་པ་ལེན་སྐབས་ཀྱི་ཁ་བསྐོར་ཕྱོགས་དང་བླངས་ཚར་རྗེས་ཀྱི་དུད་པ་འཕོ་ཕྱོགས་མ་ནོར་བ་བྱེད། དཔེར་ན་ཆུ་མོ་ཡོས་ལོའི་ལོ་ལྷ་དེ་ཤར་སྨད་དུ་གནས་ཡོད་པས། དུད་པ་དང་ཁྱིམ་ཕྱགས་སོགས་མི་གཙང་བའི་རིགས་ཐམས་ཅད་ལྷོ་ནུབ་གཉིས་ཀའི་མཚམས་སུ་འཕེན་དགོས་པ་ལས། ཁ་ཕྱོགས་ནོར་ཚེ་མི་གཙང་བའི་རིགས་ལོ་ལྷའི་ཁའི་ནང་དུ་འཕོ་ཉེན་ཆེ་བར་འཛེམ་དགོས་ཟེར་སྲོལ་ཡོད། །

   དེའི་འཕྲོར་ཁྱིམ་ཚང་རེ་རེ་ནས་རང་རང་གི་ལས་ཀའི་འགྱུ་འདུག་དང་ཉི་མའི་དྲོད་འདུག་ལ་བལྟོས་ནས་ལོ་སར་གྱི་གོ་རེ་དམར་པོ་འཚོད་པ་དང་། ཁང་བའི་གྱང་ངོས་དང་ཀ་ངོས་སུ་གྲོ་ཕྱེ་ཡིས་ནོར་བུ་དང་གཡུང་དྲུང་ལ་སོགས་པའི་བཀྲ་ཤིས་རྟགས་མཚན་གྱི་རི་མོ་འབྲི་བ། ད་དུང་སྒོ་ཆེ་ཆུང་གི་ཡར་ཐེམ་དང་ཀ་ངོས་སུ་རླུང་རྟ་སྦྱར་ནས་ལོ་སར་གྱི་སྟ་གོན་བྱེད། །

   བོད་ལོའི་ཉི་ཤུ་བརྒྱད་ཉིན་ང་ཚོའི་སྡེ་བར་གནའ་ནས་བཟུང་དར་སྲོལ་ཡོད་པའི་མ་ཎི་འོད་ཁང་ཟེར་བ་དར་ཤིང་རིང་བ་གཉིས་མཐུད་པའི་སྟེང་དུ་དབྱིབས་དང་ཁ་དོག་མི་གཅིག་པའི་མ་ཎི་འོད་ཁང་བཀལ་ནས་མ་ཎི་འོད་ཁང་རྩོང་བ་དང་། མ་ཎི་འོད་ཁང་བརྩེངས་རྗེས་ཁྱིམ་ཚང་གི་ཁང་ཐོག་ནས་བསང་ཕུད་པ་དང་ཤོག་སྦག་གད་ནས་རྟེན་འབྲེལ་ཞུ། མ་ཎི་འོད་ཁང་བརྩེངས་པ་དེ་ཡང་ལོ་སར་ཐོན་ལ་ཡོད་པའི་རྟགས་དང་མཚན་མ་གཙོ་བོ་ཞིག་ཏུ་གོ་བས། ཉིན་དཀར་བལྟས་ན་ཁྱིམ་ཚང་སོ་སོའི་མ་ཎི་འོད་ཁང་དེ་གཅིག་ལས་གཅིག་མཐོ་དང་གཅིག་ལས་གཅིག་མཛེས་ཡིན་པ་དང་། དགུང་མོར་བལྟས་ན་མ་ཎི་འོད་ཁང་ནང་དུ་མཆོད་མེ་བཞག་ཡོད་པས། ཤོག་བུ་མདོག་སྣ་ཚོགས་ཀྱིས་ཕྲ་རྒྱན་ལྟ་བུར་བཟོས་པའི་མ་ཎི་འོད་ཁང་དེ་དག་ཀྱང་འཇའ་ཚོན་ཤར་བ་ལྟར་ཁྲ་དགར་རེ་ཡོད་པས་ཀུན་ལ་ངོ་མའི་སྐྱིད་སྣང་སྟེར་སྲིད། ད་དུང་མ་ཎི་འོད་ཁང་གི་སྣེ་མོར་ཙོར་ལོ་ལྟར་དཔྱངས་པའི་ཤོག་བུ་དཀར་དམར་སེར་གསུམ་གྱི་སྣེ་ཚར་རིང་མོའི་སྟེང་ཁྱུང་འབྲུག་སྟག་སེང་གི་རླུང་རྟ་དཔར་ཡོད་པས། དེ་རླུང་གིས་དལ་བུར་བསྐྱོད་ཚེ་ཤག་ཤག་དང་བཅས་སུས་མཐོང་ཡང་ཉམས་དགའ་བ་ཞིག་ཡིན། །

   བོད་ལོའི་ཉི་ཤུ་དགུ་ཉིན་ཁྱིམ་ཚང་སོ་སོས་གོས་ཚ་རུ་སོགས་ལོ་སར་གྱི་གོན་པ་གསར་བ་རྣམས་རྡང་ལ་འཕེན་པ་དང་། ཁྱིམ་ཚང་གི་ཕྱི་ནང་གསང་གསུམ་དུ་གད་བདར་གཙང་མ་བརྒྱབ་ནས་ཁྱིམ་ཕྱགས་རིགས་ཁྱིམ་ཚང་གི་སྒོ་ཁ་ནས་མེར་བསྲེགས་གཏོང་བ་དང་། དེ་ནས་ཁྱིམ་ཚང་རེ་རེ་བཞིན་དུ་སྡེ་བའི་གསས་ཁང་ནང་ལ་བསང་ཁྱེར་ནས་ལྷ་བསང་གཏོང་བ་དང་སྐུལ་བ་བྱས་ནས་དུང་འབུད་པ་དང་ཤོག་སྦག་དགད། ལས་རིམ་དེ་གྲུབ་རྗེས། སྡེ་བ་གཞུང་གི་ལས་སྣེ་པའམ་ཁ་མགོ་བ་ཚོས་ལོ་སར་སྐབས་ཀྱི་མཛད་སྒོ་མཐའ་དག་དང་དེ་འབྲེལ་གྱི་མཉམ་འཇོག་དགོས་པའི་སྐོར་ལ་བཀའ་བརྡ་སྤྲོད་པ་དང་ཡང་ན་ནངས་འབོད་ཐོག་མ་སུ་ཚང་ལ་འགྲོ་བའམ་སྡེ་འབོད་ཐོག་མ་ཚོ་བ་གང་གིས་འགན་འཁུར་དགོས་པའི་ཐད་ལ་གྲོས་བསྡུར་བྱེད། དཔེར་ན་ལོ་སར་ཚེས་གཅིག་ཉིན་གྱི་ཚོ་བ་སོ་སོའི་ནངས་འབོད་སྔ་ཕྱིའི་རིམ་པ་བཀོད་བསྒྲིགས་དང། ཇ་ཁ་ཆང་ཁ་མ་འཇམ་པར་གྱོད་དང་ཁ་མཆུ་བྱུང་ན་དེ་ལ་རང་སྡེ་བའི་འགྲོ་ལུགས་ལྟར་ཆད་པ་ཇི་ལྟར་གཅོད་པ། སྡེ་བའི་ནང་བག་མ་གཏོང་ལེན་གྱི་སྟོན་མོ་གང་རུང་ཡོད་ཚེ་དེ་ལ་ཚང་མས་ནང་འཁོར་གྱི་ཞབས་འདེགས་ཇི་ལྟར་བསྒྲུབ་དགོས་ཚུལ། ཡང་ན་ལོ་སར་སྐབས་སུ་བསང་ཕུད་པ་སོགས་ཀྱི་རྐྱེན་གྱིས་མེ་དགྲ་འབྱུང་བར་དོགས་ཟོན་བྱེད་དགོས་པ་སོགས་གཙོ་བོར་ལོ་སར་ཉི་མ་འགའི་ནང་ཚང་མས་དགའ་དགའ་སྐྱིད་སྐྱིད་ངང་ནས་ལོ་སར་རོལ་རྒྱུ་དང་སྡེ་བའི་བདེ་འཇགས་ཀྱི་ཐད་ལ་འགྲིག་ལམ་བཅའ་བ་ཡིན། འདིར་མཚོན་ན། དེ་ནི་སྡེ་བའི་འགྲོ་ལུགས་ཤིག་སྒྲུབ་པ་དང་སྡེ་མི་ཡོངས་ལ་ཆུ་མ་ཡོང་གོང་ལ་རགས་ཞེས་པ་ལྟར་དྲན་སྐུལ་ཞིག་བཏང་བ་མ་གཏོགས་མི་ཚང་མས་ཀྱང་ལོ་སར་སྐབས་སུ་སྒོ་ཀུན་ནས་བཟང་ཕྱོགས་ཀྱི་རྟེན་འབྲེལ་བསྒྲིགས་པ་ལས་ངན་ཕྱོགས་ཀྱི་བྱ་བ་ལ་གཟབ་གཟབ་དང་འཛེམ་དོགས་ཆེན་པོར་བྱས་ནས་འགྲིག་རང་བརྩིས་བྱས་པ་ཧ་ཅང་བཟང་། །

   ཉི་ཤུ་དགུའི་དགུང་མོར། ཁྱིམ་ཚང་ཕྱི་ནང་གི་ལས་ཀ་ཡོངས་སུ་གྲུབ་རྗེས། ཁྱིམ་བདག་གིས་ཡུལ་བསང་ཕུད་ནས་ཤོག་སྦག་གད་པ་དང་། དེ་ནས་བཟའ་མི་ཚང་མ་ལྷན་འཛོམས་སྒོས་དགུ་རྫོངས་ཞེས་གཙོ་བོར་ཟས་སུ་ཤ་རོལ་བ་དང་། དེ་ཡང་ལོ་གཅིག་གི་ཆེས་མཐའ་མའི་ཟས་ཐུན་ཡིན་ཙ་ན། རྒན་གཞོན་ཆེ་ཆུང་མེད་པར་ཟས་ཇི་ཙམ་འགྲངས་པ་ཟ་ཐུབ་ན་དེ་ལྟར་གཤིན་རྗེའི་ཆོས་རྒྱལ་གྱིས་དགུང་མོ་དེར་རྒྱ་མར་གཞལ་ཚེ་རྒྱ་གྲངས་ལོངས་པ་ཡིན་ཟེར་ནས་ཆེ་བ་ཚོས་ཆུང་བ་རྣམས་ལ་ནན་ཆེན་བྱས་ནས་ཟ་རུ་འཇུག་ངེས་ཡིན། དགུ་རྫོངས་འཐུང་ཚར་རྗེས། ཁྱིམ་བདག་དང་ཁྱིམ་བདག་མ་ཚོས་ལོ་སར་ཚེས་གཅིག་ཉིན་གྱི་ཉེར་བསྡོགས་བྱ་བ་བསྒྲུབ་དགོས། དཔེར་ན་སྐྱེས་པ་ཚོས་ཕྱེ་མར་དཔར་བ་དང་། གོ་རེ་དམར་པོ་དང་ཀ་ར་སིལ་ཏོག་སོགས་ཀྱི་སྡེར་ཁ་བསྒྲིགས་ནས་ལོ་སར་ཚེས་གཅིག་ཉིན་བཤམས་ཆོག་ཆོག་བྱེད་པ་དང་། ལོ་སར་ཚེས་གཅིག་ཉིན་གྱི་རི་བསང་དང་ཡུལ་བསང་གཏོང་བའི་བསང་རྫས་རིགས་ཚགས་སྒྲུབ་བྱེད། བཤད་པ་ལྟར་ན་སྔོན་ཆད་སྐར་མ་སྨིན་དྲུག་ལ་བལྟས་ནས་ནམ་ཚོད་འཛིན་པའི་དུས་སུ་ཡུལ་བསང་གི་བསང་མགོ་རྩོད་ལེན་བྱེད་ཆེད། ཁྱིམ་ཚང་ལ་ལས་དགུང་མོ་དེར་བསང་སྟེགས་སུ་བསང་རྫས་ལ་སོགས་པ་བཞག་ནས་མེར་བསྒྲོན་ཆོག་ཆོག་བྱེད་པའི་མི་ཡང་ཡོད་ཟེར། སྐྱེས་མ་ཚོས་ལོ་སར་ཚེས་གཅིག་ཉིན་གྱི་ནངས་ཇའི་ཚོད་མ་སོགས་ཟས་རིགས་སྣ་ཚོགས་གཡོས་སྦྱོར་བྱེད་པའི་ཉེར་མཁོའི་དངོས་པོ་རིགས་ཚགས་སྒྲུབ་བྱེད། གནམ་གང་ཡོད་ཚེའང་འགྲོ་ལུགས་དེ་ལྟར་ཡིན། གནམ་གང་ཉིན་མི་རྣམས་ལོ་སར་ལ་སྒུག་ནས་འདུག་པ་ལས་བྱེད་སྒོ་གསར་བ་མེད། གནམ་གང་ཉིན་གྱི་བཟའ་བཏུང་སྐོར་ལ་ངེས་གཏན་ཅང་མེད་པར། དེའི་དགུང་མོར་ཁྱིམ་ཚང་མང་ཆེ་ཤོས་ཀྱིས་ཚོད་ཕྲུག་འཐུང་། དེང་སང་མི་རྣམས་ཀྱི་འཚོ་བ་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཟས་རིགས་གཞན་པ་ཁ་སྤོར་མཁན་ཡང་ཡོད་ཟེར། །

   ལོ་སར་ཚེས་གཅིག་ཉིན་འཆར་མ་ཐག་ཁྱིམ་མི་རྣམས་ཡར་ལངས་ནས་གདོང་ལ་དགའ་བའི་ཉམས་ཀྱིས་ཁེངས་བཞིན་ཕན་ཚུན་ལ་ལོ་སར་གྱི་བཀྲ་ཤིས་འཚམས་འདྲི་བྱེད་ཅིང་། “ལོ་སར་ཐོན་པ་རེད་”ཅེས་ཚང་མས་དགའ་ཀྲོག་ཀྲོག་གིས་གདོང་འཁྲུ་བ་དང་གོས་ལྭ་གསར་བ་གྱོན་པ། ལོ་སར་གྱི་སྡེར་ཁའི་གོ་རིམ་མ་འཆོལ་བའི་སྒོ་ནས་བཤམས་པ། ཡུལ་བསང་ཕུད་ནས་ཤོག་སྦག་དགད་པ་དང་དུང་འབུད་པ། རླུང་རྟ་བསྐུར་བ་བཅས“ལོ་ལྷ་རྒད་པོ།”རང་ཁྱིམ་དུ་བསུས་ཚར་རྗེས། ཁྱིམ་མི་གང་པོས་ལྷན་ཏུ་དཀར་ཡོལ་ཁ་གཙང་གི་ནང་དུ་འོ་ཇ་མངར་མོར་རོལ་བ་དང་བཅུད་ལྡན་གྱི་ཤ་ཚོད་ལ་རོལ་བ་སོགས་ཟས་རིགས་སྣ་ཚོགས་ལོ་སོ་མའི་ཟས་ཐུན་དང་པོའི་ནང་ལོངས་སུ་སྤྱོད་པ་ཡིན། དེ་དང་མཉམ་དུ་ཁྱིམ་ཚང་སོ་སོས་རང་རང་གི་སྒོ་ཟོག་རིགས་ཀྱི་ཁའི་ནང་ལའང་གོ་རེ་ལ་སོགས་པའི་ཟས་བཞག་ནས་ལོ་སར་གྱི་སྐལ་སྟེར་བ་རེད། དེའི་ཐོག་ནས་གཙོ་བོར་འུ་ཅག་བོད་མི་རིགས་འདི་བྱམས་སྙིང་རྗེ་དང་ཁྲེལ་ཡོད་ཡིན་པ་ཤེས་ཐུབ་པར་མ་ཟད། སེམས་ཅན་དུད་འགྲོ་ཞིག་ཡིན་རུང་དེ་ལ་ལོ་སར་གྱི་སྐལ་མ་བཅད་པར་འཇིག་རྟེན་ཧྲིལ་བོ་སྙོམ་པར་འཛིན་པའི་འདུ་ཤེས་ཀྱང་མཚོན་ཐུབ། དེའི་འཕྲོར་ཁྱིམ་ཚང་རེ་རེས་རི་བསང་ཁྱེར་དགོས། རི་བསང་ནི་གཙོ་བོ་སྡེ་བ་རང་གི་ཡུལ་ལྷ་གཞི་བདག་དང་སྐྱེས་ལྷ། ཡང་ན་སྡེ་བའི་རྒྱབ་རི་དང་མདུན་རི་སོགས་སུ་ཁྱེར་དགོས། དེ་ཡང་ཁྱིམ་ཚང་དང་མི་སྒེར་ལ་རང་རང་གི་ངོས་སྐལ་ནས་ལོ་སོ་མའི་ནང་དོན་ཆེན་བསྒྲུབ་པའི་འཆར་གཞི་ཡོད་ན་དེའི་ཚོད་ཀྱིས་རི་བསང་འགྱོགས་པ་ཆེ་ཞིང་རླུང་རྟ་བསྐུར་ཚད་མང་བ། སྐྱེས་ལྷ་དང་གཞི་བདག་ལ་གཏད་གཉེར་བྱེད་པ་དེ་བས་ནན་ཏན་དང་གཟབ་བརླིང་ཡིན། རི་བསང་ཁྱེར་སྐབས་ལམ་བར་ནས་རང་སྡེ་དང་གཞན་སྡེའི་མི་སུ་ཞིག་ལ་འཕྲད་རུང་ཕན་ཚུན་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་སྲོལ་ཡག་པོ་ཞིག་ད་ལྟའི་བར་གྲ་མ་ཆག་ཅིང་ཟུར་མ་ཉམས་པར་གནས་ཡོད། ཚང་མས་རི་བསང་ཁྱེར་ཚར་རྗེས། ཁྱིམ་ཚང་གི་སྐྱེས་པ་རྣམས་ཉལ་ཁོམ་མེད་པར་ལུས་ལ་གོས་གསར་གྱོན་ཞིང་ལག་ལ་ཁ་བཏགས་དང་ཀ་ར་སིལ་ཏོག་སོགས་བསྣམས་ནས་སྡེ་བའི་ནངས་འབོད་ལ་འགྲོ་དགོས། འདིའི་ནངས་འབོད་ཅེས་པ་ནི་སྡེ་བ་དེར་ཚོ་བ་བཞི་ཡོད་པ་དེ་དག་གིས་རང་ཚོ་བའི་ནང་གསེས་ཀྱི་ལོ་རྒན་པའི་ཁྱིམ་ལ་ལོ་སར་ཁྱེར་ནས་ཇ་འཐུང་ཆང་འཐུང་དང་གླུ་ལེན་གར་རྩེད་བྱེད་པ་ལ་ཟེར་ཞིང་། དེ་ཡང་ཞོགས་པའི་སྐྱ་རེངས་མ་བཏང་གོང་ནས་ཕལ་ཆེར་ཉིན་གུང་གི་དུས་ཚོད་བཅུ་གཅིག་ཡས་མས་སུ་ནངས་འབོད་ཁྱིམ་ཁ་ཅི་ཙམ་ཡོད་པ་དེ་དག་གི་ཁྱིམ་ཚང་རེ་རེ་ནས་གླུ་ལེན་གར་རྩེད་དང་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། སྦྱིན་བདག་ཁྱིམ་ཚང་དེ་དག་གིས་ཀྱང་རང་རང་གི་འཛོམས་ཚོད་ལྟར་ལོ་སར་གྱི་ཟས་སྣ་མང་པོས་སྣེ་ལེན་གཟབ་རྒྱས་བྱེད་ངེས། དེ་ལྟར་རྒྱ་ལོའི་ཚེས་གཅིག་ཉིན་གྱི་ནངས་འབོད་གྲོལ་རྗེས། ཚང་མས་རང་སྡེ་བའི་ནང་གི་ལོ་སར་རོལ་སྐལ་མེད་པའི་ཁྱིམ་ཚང་ལ་ལོ་སར་ཁྱེར་བ་རེད། །

    ཉིན་གུང་གི་དུས་ཚོད་བཅུ་གཉིས་ཙམ་ལ་སྡེ་འབོད་ཀྱི་མགོ་འཛིན། སྡེ་འབོད་ཟེར་བའི་བྱེད་སྒོ་དེ་ཉི་མ་རེ་རེར་ཚོ་བ་རེ་རེས་འགན་འཁུར་ནས་སྡེ་མི་ཡོངས་རྫོགས་ཁྱིམ་ཚང་ལྷས་ར་ཆེ་ས་ཞིག་ཏུ་མཉམ་འཛོམས་བྱས་ཏེ། ཕལ་ཆེར་ཉིན་དེའི་ཉི་མ་ནུབ་རེག་བར་དུ་གླུ་ལེན་གར་རྩེད་བྱེད་པ་ལ་ཟེར། སྡེ་འབོད་སྐབས་སུ་ཚོ་བ་གང་ཞིག་ལ་ཉིན་དེའི་སྡེ་འབོད་ཀྱི་འགན་ཁུར་བབས་ཚེ། ཉིན་དེའི་བཟའ་བཏུང་སྐོར་གསུམ་དང་ཐ་ན་ཉིན་དེའི་རྩེད་མགོ་འཛིན་པ་ནས་འགྲིག་ལམ་འཇོག་པ་སོགས་ཀྱི་འགན་ཡོངས་རྫོགས་ཚོ་བ་དེས་འཁུར་དགོས། དེའི་ཕྱིར་ཚོ་བ་དེའི་ལོ་ན་རྒན་གྲས་རྣམས་ལས་གཞན་ཚོ་བ་དེར་གཏོགས་པའི་གསར་བུ་གསར་མོ་རྣམས་ཉིན་དེར་ཚོགས་གྲལ་ནས་བཙོག་མི་ཆོག་པར་ཀུན་ལ་ཇ་བསུ་ཆང་བསུ་བྱེད་དགོས། སྡེ་འབོད་འཚོགས་རྗེས། ཐོག་མར་གླུ་བ་སྐད་ངག་བདེ་བ་ཞིག་གིས་ལག་ལ་ཆང་དཀར་དང་ཁ་བཏགས་བཟུང་ནས“དགུང་གན་ན་འབྲུག་ཅིག་གྲགས་ནོ་གན། ། ཆར་བསིལ་མ་འབབ་པའི་རྟེན་འབྲེལ་རེད། ། ཁྱིམ་འདི་ན་གླུ་ཞིག་ལེན་ནོ་འདི། ། ཟླ་རྒྱ་ལོ་ཚེས་པའི་རྟེན་འབྲེལ་རེད། །”ཅེས་གླུ་སྒོ་རིམ་གྱིས་འབྱེད་པ་དང་། དེའི་འཕྲོར་ཕོ་གསར་མོ་གསར་རྣམས་གཞན་སྐུལ་མ་ཡིན་པར་རང་རང་གི་སྐད་ངག་བདེ་ཚོད་ལྟར་གླུ་དང་གར་ལ་རོལ་བར་མ་ཟད། སྟག་ཤར་གཞོན་སྐྱེས་རྣམས་ལ་ཆང་འཐུང་སྟེ་ཁྲོམ་པའི་རྩེད་རླབས་ཚད་ངེས་ཅན་ཞིག་ལ་སླེབས་ཚེ། ཉིན་དེའི་གླུ་ལེན་གར་རྩེད་འཕྲོག་རྩོད་མ་བྱས་ན་རང་ལ་གླུ་ལེན་དབང་དང་གར་རྩེད་བྱེད་ལོང་མེད་པའི་དུས་ཀྱང་འབྱུང་སྲིད། སྡེ་འབོད་སྐབས་སུ་ཕ་ཨ་ཁུས་གྲལ་མགོ་མནན་པ་ཡག་དགོས་ཤིང་སྤུན་ན་ཟླས་རྩེད་མགོ་བཟུང་བ་ཡག་དགོས་ལ། མ་སྲུ་མོས་ཉན་མགོ་ཡག་དགོས། དེ་བས་ཀྱང་ལྷག་པ་ཞིག་ནི། ཉིན་དེར་ལོ་ལོན་རྒན་པ་སུ་ཞིག་བར་གླགས་ནས་ཡར་ཕེབས་མར་ཕེབས་ཐེངས་ཅི་ཙམ་བྱེད་དགོས་བྱུང་ཚེའང། དེ་ཙམ་དུ་གཞོན་སྐྱེས་ཕོ་མོ་ཚང་མ་ཡར་ལངས་ནས་ཁོང་ཉིད་སྒོ་ཁར་ཕེབས་ཚར་ཡག་གམ་ཡང་ན་ཁོང་ཉིད་གྲལ་ནས་བཞུགས་ཚར་ཡག་བར་དུ་བསུ་མ་བྱེད་སྲོལ་ཡོད་པ་དེ་རེད། སྡེ་འབོད་གྲོལ་སྐབས་ཀྱང་སྡེ་བའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་ལྷས་ར་ནས་ཕྱི་རིམ་ནང་རིམ་དུ་སྒོར་སྒོར་བྱས་ནས་ཁྱིམ་ཚང་དེ་ལ་བཀྲ་ཤིས་ལན་གསུམ་འཇོག་སྲོལ་ཡོད་པ་དང་། བཀྲ་ཤིས་རྗེས་མ«སིལ་ཏོག་པདྨ་ཐར་ར་ར»ཞེས་པ་འཇོག་སྐབས་ཚོ་བ་དེས་གྲ་བསྒྲིགས་བྱས་པའི་ཀ་ར་སིལ་ཏོག་རྣམས། སྡེ་བའི་ལོ་ན་རྒན་པ་འགས་ཀ་ར་སིལ་ཏོག་ཐམས་ཅད་བཀྲ་ཤིས་ཀྱི་དབྱངས་རྟ་དང་བསྡེབས་ནས་མི་ཚོགས་གསེང་ལ་སྟོར་བ་དང་། མི་ཚོགས་ཀྱིས་ཀྱང་བར་སྣང་ནས་འཛིན་པ་དང་ཐང་ནས་བཏུས་ཏེ་ཀ་ར་སིལ་ཏོག་རྣམས་རང་བྱོན་དངོས་གྲུབ་ཅིག་ཏུ་བརྩི་བ་བཅས་ལོ་གསར་བའི་ནང་མི་ལ་ཚེ་རིང་ནད་མེད་དང་ཞིང་ཕྱུགས་ལོ་ལེགས་འབྱུང་བ། ཆར་ཆུ་དུས་སུ་འབབ་པ་སོགས་ཀྱི་བཀྲ་ཤིས་རྟེན་འབྲེལ་བསྒྲིགས་ནས་ཉིན་དེའི་སྡེ་འབོད་ཀྱི་མཇུག་ཡོངས་སུ་བསྡུ། དེའི་འཕྲོར་ཕོ་གསར་སྟག་ཤར་ཚོས་ཁག་བགོས་ནས་སྡེ་བའི་ནང་གི་ལོ་ན་རྒན་པ་རྣམས་རེ་རེ་བཞིན་དུ་གཡས་སྐྱོར་གཡོན་འདེགས་བྱེད་བཞིན་སོ་སོའི་ཡུལ་ལ་སྐྱེལ་མ་བྱས་ནས་འགྲོ་དགོས་ཤིང་། རྒན་པ་སུ་ཚང་གི་སྒོ་ཁར་ཐོན་ཉེ་ས་ནས་བཟུང་སྟག་ཤར་བ་ཚོས་མཉམ་དུ། རྩེད་རིགས་ཀྱི་གར་སྟབས་བྱས་ནས་འགྲོ་བའི་སྲོལ་བཟང་ཡོད། དེ་ལྟར་རྒྱ་ལོ་ཚེས་གཅིག་ཉིན་ནས་ཚེས་བཞིའི་བར་དུ་ཚོ་བ་རེ་རེས་འགན་འཁུར་ཏེ་སྡེ་མི་ཡོངས་རྫོགས་མཉམ་འཛོམས་ཀྱིས་ལོ་སར་རོལ་བའི་སྡེ་འབོད་ཟེར་བ་ཡོད་ཅིང་། ཚོ་བ་བཞི་བོའི་ནང་གསེས་སུའང་ཞོགས་པ་ནས་ཉིན་གུང་བར་དུ་ཚོ་བ་གཅིག་འདུས་ཀྱིས་ལོ་སར་རོལ་བའི་ནངས་འབོད་ཟེར་བ་ཡོད། །
   རྒྱ་ལོའི་ཚེས་ལྔ་ཉིན་སྡེ་མི་ཡོངས་གསས་ཁང་ནང་མཉམ་འཛོམས་ཀྱིས་གླུ་ལེན་གར་རྩེད་བྱས་ནས་ལོ་སར་བསྐྱི་རྒྱུ་མ་ཟད། སྔར་སྲོལ་ལྟར་ན་ཁྱིམ་ཚང་རེ་རེས་ཀྱང་ཉིན་དེར་རང་ཁྱིམ་དུ་བཤམས་པའི་ལོ་སར་གྱི་སྡེར་ཁ་ཡར་འཇོག་པ་དང་། མ་ཎི་འོད་ཁང་ཡང་ཉིན་དེར་མར་ཕབས་རྒྱུ་རེད། ལོ་སར་བསྐྱི་བའི་ཉིན་དེར་སྡེ་འབོད་སྐབས་སུ་ལྷག་པའི་ཆང་དང་དུ་བ། ཁྱིམ་ཚང་སྒེར་ཐོག་ནས་ཁྱེར་ཡོང་བའི་ཆང་དང་དུ་བ། ཀ་ར་སིལ་ཏོག གཞན་ཡང་སྡེ་བའི་ནང་གཉེན་སྟོན་ལ་སོགས་པ་ཡོད་ན་དེ་ཚང་གིས་ཁྱེར་ཡོང་བའི་ཆང་དང་དུ་བ། ཀ་ར་སིལ་ཏོག་བཅས་ལ་རོལ་བཞིན་གླུ་ལེན་གར་རྩེད་རྒྱ་ཆེན་པོ་བྱེད་པའི་ཁྲོད་ནས་ལོ་སར་གྱི་དུས་ཆེན་བསུ་བའི་བྱེད་སྒོ་ཡོངས་སུ་མཇུག་བསྡུ་རྒྱུ་རེད། ཡང་དེང་སང་སྡེ་བས་ཆོས་ཐོག་འཛིན་པ་སོགས་ཀྱི་དགོས་དབང་གིས་ལོ་སར་བསྐྱི་བའི་ཉི་མ་དེ་རྒྱ་ལོའི་ཚེས་དགུའི་ཉིན་ལ་བསྒྱུར་ཡོད། །

   རྒྱ་ལོའི་ཚེས་བཅུ་གསུམ་ཉིན་སྡེ་བ་གཞུང་གིས་ལོ་སར་བསྐོལ་བ་རེད། ཉི་མ་དེ་ནི་བོད་གངས་ཅན་གྱི་འཛམ་གླིང་སྤྱི་བསང་ཆེན་མོའི་ཉིན་ཡིན་པས། ཉིན་དེར་ཡང་སྡེ་མི་ཚང་མ་སྔར་བཞིན་དུ་གསས་ཁང་ནང་འདུ་འཛོམས་ཀྱིས་ཚོགས་བསྐོར་བ་དང་གསེར་སྐྱེམས་མཆོད་པ། ཚོགས་རྫས་དངོས་གྲུབ་ལེན་པ་སོགས་ཀྱི་ཆོ་ག་ཡོངས་སུ་བསྟར་ཚར་རྗེས། ད་གཟོད་གླུ་ལེན་གར་རྩེད་དང་ཁ་ཤགས་འགྱེད་པ། ཕན་ཚུན་ལ་བཞད་གད་སློང་རེས་བྱེད་པ་སོགས་ཀྱི་རྩེད་རིགས་སྣ་ཚོགས་འབུལ་བའི་མགོ་འཛིན། ཉིན་དེའི་འགྲོ་སོང་ཚང་མ་ང་ཚོའི་སྡེ་བར་བཅིངས་འགྲོལ་མ་བྱས་སྔོན་ནས་བཟུང་དར་བའི་སེང་གེ་རྩེད་སྲོལ་ཡོད་པ་དེའི་ཁ་མགོ་བ་ཚོས་ཁྱིམ་ཚང་རེ་རེར་ལོ་སར་བསླངས་པ་ལས་བྱུང་བའི་སྒོར་མོ་ཡིན། ཁོ་ཚོས་ཉིན་དེའི་བཟའ་བཏུང་ཡོད་ཚད་ཀྱི་ཁག་འཁུར་གྱིན་ཡོད། །

   རྒྱ་ལོའི་ཚེས་བཅུ་གསུམ་ཉིན་ནས་བཟུང་སྡེ་བ་གཞུང་གི་བྱ་འགུལ་ཚང་མ་ཡོངས་སུ་མཇུག་རྫོགས་པས། དེའི་ཕྱི་ཉིན་ནས་བཟུང་སྟེ་མི་རང་རང་སྒེར་ཐོག་གི་ལོ་སར་བསྐོལ་སྲོལ་ཡོད། དེ་ཡང་ལོ་ལོན་དང་བར་ཤེད་པ། གཞོན་པ་དང་བྱིས་པ་བཅས་ཀྱིས་རང་རང་ས་ནས་སྐྱེས་ཕོ་མོ་ཁག་ཕྱེས་ཏེ་ཁྱིམ་ཚང་ཆ་རྐྱེན་བཟང་བ་ཞིག་ནས་གླུ་ལེན་གར་རྩེད་དང་བཟའ་བཏུང་གང་ཞིམ་ལ་རོལ་བཞིན་ཀུ་རེའི་གཏམ་གྱི་དགོད་སྒྲའི་ཁྲོད་ནས་རང་དབང་དང་བག་ཕེབས་པའི་ལོ་སར་གཏོང་སྲོལ་ཐུན་མོང་མིན་པ་ཞིག་ཡོད། །

གསར་འགོད་པ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཀླུ་བྱམས།

 
 
Re:རེབ་གོང་སྤྱི་ཚང་སྡེ་བའི་ལོ་གསར་རོལ་སྟངས་སྐོར་གླེང་བ།
[ 2012/1/26 0:55:34 | By: སྐུ་མགྲོན་p7KWo0(སྐུ་མགྲོན) ]
 
སྐུ་མགྲོན་p7KWo0(སྐུ་མགྲོན)happy new year!!1
 
 
Re:རེབ་གོང་སྤྱི་ཚང་སྡེ་བའི་ལོ་གསར་རོལ་སྟངས་སྐོར་གླེང་བ།
[ 2012/1/24 23:39:23 | By: སྐུ་མགྲོན་GLCn16(སྐུ་མགྲོན) ]
 
སྐུ་མགྲོན་GLCn16(སྐུ་མགྲོན)Happy new year!!!
 
 
Re:རེབ་གོང་སྤྱི་ཚང་སྡེ་བའི་ལོ་གསར་རོལ་སྟངས་སྐོར་གླེང་བ།
[ 2012/1/23 1:54:52 | By: yinp 58(སྐུ་མགྲོན) ]
 
yinp 58(སྐུ་མགྲོན)མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཀླུ་བྱམས་ལགས་ཀྱིས་འདི་ལྟར་གསར་འགྱུར་སྤེལ་བ་ལ་བཀའ་དྲིན་ཆེ་ཞུ་བ་དང་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.