
དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ།
སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་ཐེབས་སློབ་དཔོན་ཆེན་མོ།
༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་རིན་པོ་ཆེ།
བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་དབུ་བླ།
སྨོན་ཚིག་གཡུང་དྲུང་འཁྱིལ་བ།
བརྟན་གཡོའི་བཀོད་པ་དགའ་བདེས་འཚོ་བའི་ཐབས། །
རྒྱལ་བསྟན་འདོད་འབྱུང་ནོར་ལ་བསྙེན་པ་གཅེས། །
དེ་ཡང་རྒྱལ་སྲས་འཕགས་པའི་ལེགས་བཤད་ལ། །
ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པའི་བསྐུར། །
རྣམ་པ་དཀར་པོའི་ལས་ཀྱི་འཁོར་ལོ་ལས། །
བྱུང་བའི་བསོད་ནམས་ཀྱིས་བསྐྱེད་འབྲས་བཟང་པོ། །
མི་མཐུན་ཉེས་པའི་ས་བོན་ཡོངས་སྤངས་ཤིང་། །
ཕན་བདེའི་དཔལ་གྱིས་འཚོ་བའི་གྲོགས་ངེས་སོ། །
ཇི་ལྟར་རྣམ་པ་དཀར་ནག་དྲི་མའི་དངོས། །
ཀུན་གཞི་དར་དཀར་ངོས་སུ་ཆགས་པ་དེས། །
འདོད་འདེམ་མེད་པར་དྲི་འཛིན་ངང་གིས་བསྐྱེད། །
ཚུལ་དེའི་སྲིད་དང་ཞི་བའི་འཁོར་ལོ་སྟོན། །
ཤེས་རབ་རྒྱ་མཚོ་སྐྱེད་པའི་རི་བོ་འཛིན། །
གང་ལ་འགྲན་པའི་ལེགས་བཤད་འཕྲུལ་འཁོར་གྱིས། །
རྒྱ་ཆེ་སྤེལ་བའི་དད་སྦྱིན་ལས་གཉེར་ཚོགས། །
སྡེ་བཞིའི་དཔལ་གྱིས་ཡོངས་སུ་ཕྱུག་གྱུར་ཅིག །
ཇི་ལྟར་སྣ་ཚོགས་བྱ་བའི་གྲམ་ཁྲོད་ནས། །
རྣམ་དཀར་འདུ་བྱེད་རིན་ཆེན་དང་པོའི་རྡུལ། །
ལེན་པར་མཁྱེན་འདི་སྔོན་བསགས་བཟང་པོའི་སྤྱན། །
ལེགས་པར་མངའ་བའི་ཁྱེད་རྣམས་དད་བརྒྱའི་ཡུལ། །
ཟབ་གསང་དཔེ་རྒྱུད་རྒྱ་ཆེ་སྤེལ་བའི་གཏམ། །
མདོངས་ལྡན་སྤྲིན་སྒྲ་ཐོས་བཞིན་དགའ་བ་འཕེལ། །
རྒན་བུས་སོར་འདབ་སྙིང་ཁ་སྦྱར་བཞིན་དུ། །
སྐལ་ལྡན་ལས་གཉེར་བཞེད་དགོངས་ལྷུན་འགྲུབ་སྨོན། །
སྨན་རིའི་སློབ་ཟུར་བསྟན་འཛིན་རྣམ་དག་གིས་ཕུལ།