ཀུན་རྟོག་སེམས་ཀྱི་རོལ་རྩེད།
མཚར་སྡུག་འོད་སྟོང་འཕྲོ་བའི་ཁྲི་འཕང་ན་བརྗིད་པའི།།
འཇོ་སྒེག་ལང་ཚོ་བརྟས་པའི་མཚོ་བྱུང་གི་ལྷ་མོ།།
ངག་རིག་མགྲིན་པ་འཁོར་ལོའི་གུར་ཁྱིམ་དུ་བྱོན་ནས།།
སྙན་ཚིག་རི་མོ་མཛེས་པའི་མགུལ་རྒྱན་ཞིག་གནང་རོགས།།
མི་ལོ་ཉི་ཤུའི་འཚོ་བའི་ཐེམ་སྐས་ལ་འཛེགས་ནས།།
མི་རྟག་སྲིད་པའི་ཁམས་ལ་ཕྱི་མིག་ཅིག་བལྟས་ན།།
མི་ཟད་གདུང་བས་མནར་བའི་སྡུག་བསྔལ་གྱི་བརྗེད་བྱང༌།།
མི་ཆོས་གླུ་རུ་ལེན་པའི་དབྱངས་རྟ་རུ་གྱེར་འདོད།།
འདིར་སྣང་འཇིག་རྟེན་ཁམས་ཀྱི་དགའ་བདེ་ཡི་གྲོང་ན།།
མི་འདོད་ལས་ཀྱིས་སྐུལ་བའི་དུངས་སེམས་ཀྱི་དབྱངས་རྟ།།
ཀུན་རྟོག་སྨྱུག་གུའི་འཁོར་ལོ་བར་མེད་དུ་འཁོར་ཏེ།།
ཕྱོགས་ལྷུང་རྙིང་ཧྲུལ་དོར་བའི་ཤུགས་གླུ་འདི་ཤོར་སོང༌།།
གསེར་ལྗོངས་སྨན་གྱི་རི་བོའི་མགུལ་རྒྱན་གྱི་ལྡེབས་སུ།།
སྟོང་སེམས་འཁོར་ལོ་བསྐོར་བའི་རྟོག་འཆར་གྱི་དྲན་ཤིང༌།།
འབྲོང་ཆུ་སྔོན་མོ་བསྐྱོད་པའི་བཞུར་རྒྱུན་དང་བསྡེངས་ཏེ།།
བུ་ངའི་སེམས་པ་གཤོག་འགྱུར་སྟངས་སྟབས་ལ་རྩེན་བྱུང༌།།
སྣ་ཚོགས་ལས་ཀྱིས་མཛེས་པའི་སྒྱུ་འཕྲུལ་གྱི་ཀློང་ནས།།
དམིགས་མེད་ཐོས་བསམ་གཞོལ་བའི་ཏིང་འཛིན་དེ་སྒོམ་བཞིན།།
ཡོད་ཚད་རྒྱང་དུ་དོར་བའི་ངེས་འབྱུང་གི་བློ་སྣ།།
ལན་རེར་ངེས་མེད་འཁྱམས་པའི་རྒོད་པོ་བཞིན་འཕུར་འགྲོ།།
དགའ་བའི་དུས་སུ་གདོང་ན་ལྷད་མེད་ཀྱི་འཛུམ་མདངས།།
སྐྱོ་བའི་དུས་སུ་སེམས་ན་སྡུག་བསྔལ་གྱི་ཕོན་པོ།།
དགའ་སྐྱོ་འདྲེས་མའི་འཚོ་བའི་མངར་ཁ་ལ་རོལ་བཞིན།།
མི་ལོ་ཉི་ཤུའི་ལང་ཚོའི་ཕྲེང་ཐག་དེ་ཟད་སོང༌།།
མཁས་ཆེན་མི་ལ་ཕྲག་དོག་མདའ་མོ་རེ་འཕངས་ནས།།
མཁས་མིན་མི་ལ་ཟུར་ཟའི་མཆིལ་ཞགས་རེ་འཕེན་ཞོར།།
རང་གིས་རང་ཉིད་མཁས་པ་རྣམ་དག་ཏུ་བརྩིས་ནས།།
རང་མགོ་རང་གིས་བསྐོར་བའི་སྣང་ཚུལ་འདི་སྐྱོ་བ།།
ཁ་ནས་སྙན་མོ་ཚིག་གི་གཏམ་ཡན་གྱིས་བསླུས་ཤིང༌།།
ཁོག་ན་ཞེ་སྡང་ཁྲོ་ཆུ་ཁོལ་མ་རུ་འཁྲིགས་པའི།།
ཁ་ཞེ་འགལ་བའི་གྲོགས་ཀྱི་གཤིས་ཀ་དེ་བསམ་ན།།
ཕལ་བའི་གྲོགས་རྣམས་རང་གིས་རློམ་ས་ཞིག་མི་འདུག།
མི་ཆེན་དཔོན་པོ་བདེན་ཚིག་འཛུམ་ཆུང་གིས་བསུས་ཤིང༌།།
རང་དམན་ཉམ་ཆུང་སྡིག་དམོད་སྡང་མིག་གིས་བགྲད་བཞིན།།
ཁྲེལ་མེད་ཡོངས་བཏང་མི་ཡི་གཤིས་སྤྱོད་ལ་གཞིགས་ཚེ།།
གྲོགས་ཀྱི་དྭངས་མར་འབོད་པའའི་ཆོ་ལོ་དེ་མི་དགོས།།
གཞན་སྐྱོན་རྡུལ་ཕྲན་ཆ་ཡང་ལྐོག་ལབ་ཀྱིས་གཙེས་ཤིང༌།།
རང་སྐྱོན་རི་རབ་ཡིན་ཡང་དམུས་ལོང་གི་རྗེས་འགྲོ།།
རང་གཞན་གཉིས་ཀྱི་སྐྱོན་ལ་ཞིབ་བལྟ་ཞིག་བྱོས་དང༌།།
རང་རང་ས་ན་སྐྱོན་གྱི་ཕུང་བོ་རེ་གྲུབ་འདུག།
ཡོད་ན་བློ་ལ་མི་ཁེངས་གསོག་སྒྲུབ་ཀྱི་འདུར་རྒྱུག།
མེད་ན་སེམས་ཀྱིས་མི་བཟོད་མེད་མུག་གི་རྩོལ་སྒྲུབ།།
ཡོད་མེད་གཉིས་ཀྱིས་འབད་པའི་ཁེ་ཕན་གྱི་འདུ་འགོད།།
འཛེམ་མེད་རི་གྲོང་ཀུན་ཏུ་རི་སྤྱང་བཞིན་འཁྱམས་ཡོད།།
གྲོགས་དང་ལྷན་འཛོམས་བྱུང་བ་རྨི་ལམ་གྱི་མགྲོན་པོ།།
སྐྱིད་སྡུག་རེས་སུ་འཁོར་བ་གནམ་གཤིས་ཀྱི་འགྱུར་ལྡོག།
སེམས་ཀྱི་འགྱུར་བག་སྤྲིན་པ་དཀར་ནག་གི་འདུ་འགོད།།
ཞིབ་ཏུ་བསམ་ཚེ་མི་རྟག་སྒྱུ་འཕྲུལ་གྱི་ཟློས་གར།།
རྙིང་ཞེན་མུན་འཐོམ་འུག་པའི་མིག་སྣང་དུ་འགྲོ་ཞིང༌།།
གསར་བྱུང་ཚན་རྩལ་བདུད་ཀྱི་ཆོ་འཕྲུལ་དུ་རློམས་པས།།
རྨོངས་ཞེན་བག་འཁུམ་མྱོང་བའི་ངང་ཚུལ་དེར་གཞིགས་ཚེ།།
རང་སེམས་མ་བཟོད་ཡིད་ཆད་གླལ་མོ་ཞིག་ཤོར་འགྲོ།།
ཁ་ནས་གང་བྱུང་སྨྲ་བ་མི་རིགས་ཀྱི་ལ་རྒྱ།།
དོན་གྱིས་ལག་ལེན་ཐོབ་པ་ནམ་མཁའ་ཡི་པད་མོ།།
ཁ་བཤད་དོན་གྱིས་སྟོང་བའི་གངས་ཕྲུག་གི་གཞོན་ནུའི།།
གངས་རིའི་ལྗོངས་ལ་ཞལ་ཏོག་རྣལ་མ་ཞིག་མ་འཇོན།།
གྲྭ་བར་བསྟན་གཤིག་ཟེར་བའི་ཐ་ཚིག་དེ་མ་སྒྲོག།
སློབ་མར་ལྟ་ལོག་འབོད་པའི་སྡིག་དམོད་དེ་མ་གཏོང༌།།
དེང་རབས་གཞོན་ནུའི་སྤྱོད་པ་ཐ་ཆད་རང་མ་ཟེར།།
ཀུན་ཀྱང་ཡིད་རྟོན་དཀའ་བའི་དམ་པ་ཞིག་མིན་ནོ།།
སྤྲུལ་བའི་སྐུ་ལོའི་ཁྲི་འཕང་རྒྱུ་ནོར་གྱིས་ཉོས་ཤིང༌།།
སྐུ་དྲག་དཔོན་པོའི་ལྟག་སྒོ་རྒྱུ་ནོར་གྱིས་ཕྱེས་ཏེ།།
འཕྱོར་སྒེག་བུ་མོའི་ལང་ཚོ་རྒྱུ་ནོར་གྱིས་བསླུས་པ།།
གཅིག་ཏུ་སྒྲིལ་ཚེ་ནོར་འདི་བསླུ་བྲིད་ཀྱི་གཤེད་མ།།
ཕུ་བོའི་རེ་སྨོན་གནག་ཕྱུགས་རྨིག་རྗེས་ཁྲོད་འཐིམ་ཞིང༌།།
ནུ་མོའི་ཕུགས་འདུན་སྒོ་ཞིང་རྣང་མིའེ་བར་འཛུམ་པ།།
བུ་ངའི་འཚོ་བའི་བདེ་སྡུག་སྨྱུག་རྩེ་ལ་བཅོལ་བས།།
རང་རང་ས་ན་ལས་དབང་རི་མོ་ཞིག་ཡོད་སྐད།།
ལྷན་འཛོམས་གཏམ་གྱི་སྦྱོར་བ་སྦྲང་རྩི་ལས་མངར་མོད།།
གྱེས་བྲལ་སྨྲ་བའི་འབབ་སྟེགས་སྔ་ས་ན་མེད་པས།།
ཚེ་གཅིག་གཏན་གྱི་འདུན་མ་སུ་ཞིག་ལ་བཅོལ་ཀྱང༌།།
རང་སེམས་སྡུག་ལ་སྦྱར་བའི་སྐྱོ་སྣང་ལས་མི་འདུག།
བྱམས་ལྡན་ཕ་མར་ཚིག་རྩུབ་གདོལ་གཏམ་གྱིས་སྐུར་འདེབས།།
རྒྱུས་མེད་མགྲོན་པོར་ཁ་ཡག་ངོ་བསྲུང་གིས་འཛུམ་སྟོན།།
འདོད་ཡོན་འཕྱོར་མོའི་ཕྱོགས་ལ་ཟུར་མིག་རེ་འཕེན་བཞིན།།
ཞེ་མཐུན་སྙན་ངག་དཀར་འཇམ་ཤོག་ངོས་སུ་བསུས་བྱུང༌།།
སྡོང་ལོ་སེར་པོ་ཤག་ཤག་སྟོན་རླུང་ལ་འཁྱུད་པས།།
ཁུ་བྱུག་བུ་མོའི་གཤོག་འགྱུར་མོན་ཡུལ་དུ་བསྙེགས་ཤིང༌།།
དགུ་ཆུ་ལྷུང་ལྷུང་འབབ་པའི་དབྱངས་རྟ་ཡི་ངོགས་སུ།།
ཀུན་རྟོགས་སེམས་ཀྱི་རོལ་རྩེད་གར་སྟབས་ལ་རོལ་སོང༌།།
༢༠༠༢ལོའི་ཟླ༦པའི་ཚེས༩ཉིན།
༢༠༠༣ལོའི་༼གངས་རྒྱན་མེ་ཏོག༽དེབ་དང་པོའི་སྟེང་བཀོད།
༼མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ༽ལས་བཤུས།