གཟའ་ཉི་མ་གནམ་བོན་ཉག་རོང་དུ་བསྐྱོད་པ།
—————ཉིན་དང་པོ།
ཚོགས་བྱང་། གཟའ་ཉི་མའི་ཁ་བརྡ།
འགྲོ་དོན། གཟའ་ཉི་མའི་གནས་སྐོར་ཁག་གསུམ་པ་དང་
གནའ་བོན་ལ་རྒྱུས་ལོན་བྱེད་ཆེད།
ཚོགས་ཐེངས། སྐབས་བརྒྱད་པ།
འགྲོ་དུས། གཟའ་སྤེན་པ།(སྤྱི་ཟླ༡༠བའི་ཚེས༡ཉིན)
དུས་ཡུན། སྤྱི་ཟླ༡༠པའི་ཚེས་གཅིག
འགྲོ་ཡུལ་དང་པོ། ཉག་རོང་གནམ་བོན་ཡེ་ཤེས་དགོན།
འགྲོ་མི། ༀ་འབར། སྒོམ་པ་ཚེ་རིང་། རྡོ་རྗེ་རྒྱ་མཚོ།
ཀུན་བཟང་ཚེ་རིང་། བཀྲ་ཤིས་ཚེ་རིང་། སློབ་མ་ཁ་ཅིག
ད་ཐེངས་ང་ཚོ་བོད་ཀྱི་རོང་ཆེན་བཅོ་བརྒྱད་ཀྱི་ནང་གསེས་དང་ཁམས་རོང་བཞིའི་ཡ་གྱལ་དུ་གྲགས་པའི་ཉག་རོང་དུ་བསྐྱོད། ནང་ཁུལ་གྱི་རྒྱུ་ཆ་ལ་གཞི་བཅོལ་ན།ཉག་རོང་ཡུལ་འདིར་ཁྱོན་དགོན་པ་བདུན་ཅུ་ལ་ཉེ་ཙམ་ཡོད་པར།གྲུབ་མཐའ་ལ་རྙིང་མ་བ་དང་ས་སྐྱ་བ། བཀའ་བརྒྱུད་པ། བོན་པོ་བཅས་ཡོད་པ་རེད།དེར་ལམ་བར་དུ་ལྟ་ཞོར་འཚོལ་ཞོར་དུ་སོང་ན། མཐོང་ཐོས་མྱོང་གསུམ་གྱི་དངོས་མྱོང་གཅིག་འཕྲོར་གཅིག་རྗེས་སུ་ཡོད་མོད། འདིར་ཚབ་མཚོན་འགའ་འགོད་པ་ལ། བུ་ལོང་མ་ཞེས་པའི་གནའ་ཁང་གྲགས་ཅན་ཞིག་ཡོད་དེ། བཤད་ཚུལ་ལ་བཙན་ཞིང་དཔའ་ལ། བྱམས་ཤིང་བརྩེ་བའི་ཉག་དཔོན་ཡ་མེད་ཅིག་ཡིན་པར། ཁ་ཤས་ཀྱིས་བཤད་ན། སོག་རྒྱལ་ཇིང་གིར་གྱི་དོ་ཟླར་ལོང་བར་གྲགས་ལ། ལ་ཤས་ཀྱིས་བཤད་ན། དམངས་ལ་བྱམས་ཤིང་དཔོན་ངན་ལ་སྡང་བའི་རྗེ་དཔོན་གྲགས་ཅན་ཞིག་ཡིན་པའི་ཟེར་ཚུལ་མང་པོ་འདུག གང་ལྟར་ཀྱང་ད་ལྟར་ང་ཚོའི་མཐོང་ལམ་དུ་སྣང་བ་ནི་གྱང་གོག་མཁར་སྟོང་ཞིག་ལས་ཅི་ཡང་མེད། གཞན་ཤིང་ཟམ་ཞིག་ཀྱང་ཡོད་པ་ལ་བོད་སྔ་རབས་ཀྱི་བཟོ་ལུགས་ཡིན་པར་བོད་མདོ་དབུས་ཁམས་གསུམ་ན་དེ་ལས་གཞན་ཞིག་ཤུལ་དུ་ལུས་ཡོད་པ་མ་གྲགས།དེ་བས་བོད་སྔ་རབས་ཀྱི་ཤིང་ཟམ་བཟོ་ལུགས་ལ་རྒྱུས་ལོན་དང་ཉམས་ཞིབ་བྱེད་འདོད་ཡོད་ན་གནས་འདི་རུ་ཕེབས་དང་། ཁྱེད་ལ་ལྟ་རྒྱ་བར་མེད་དུ་བསྐྱེད་ངེས།
འདི་ནི་ཉག་རོང་རྫོང་དང་ཁ་ཐག་མི་རིང་བའི་སར་ཆགས་པའི་གནའ་བོའི་བོན་དགོན་ཡེ་ཤེས་དགོན་དུ་བཞུགས་པའི་བོན་པོའི་བཀའ་བསྟན་གྱི་གླེགས་བམ་ཡིན། རྒྱུས་ལོན་ལྟར་ན་དགོན་འདི་ནི་བོད་བཙན་པོ་སྐབས་ནས་ཡོད་པར་གྲགས་ལ། གནས་འདིར་ཆགས་པའི་བོན་དགོན་ཆེས་སྔ་བ་དེ་ཡང་ཡིན་ཟེར། ད་ལྟར་བོན་གྲྭ་ཉིས་བརྒྱ་ལྷག་བཞུགས་པར་བཤད་ལ་ཡུལ་འདིའི་བོན་དགོན་ཆེས་ཆེ་བ་དེ་ཡང་ཡིན་པར་བཤད།
ང་ཚོས་བོད་གནའ་རབས་ཀྱི་བཙན་པོའི་ལོ་རྒྱུས་སློབ་དུས། དེབ་ཐེར་དག་ཏུ་འདི་ལྟར་ཡོད་དེ། བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཙན་པོས་རྒྱལ་བོ་གཅིག་ལ་ལྟ་གྲུབ་ཁ་ཁ་ཡིན་པའི་དབུ་བླའམ་གཤེན་བླ་གཉིས་ཡོད་ན་མི་རུང་བར་དགོངས་པ་ལ། དེར་བན་བོན་གཉིས་ཀྱིས་ཀྱང་ལུང་པ་གཅིག་ལ་སྟོན་པ་གཉིས་ཡོད་ན་མི་འོས་པར་འདོད་ནས་རང་རང་གི་ལུགས་ཀྱི་ཆོས་རྩོད་བརྒྱུད་བོན་རྣམས་བས་མཐར་སྤྱུགས་པར་གྲགས། ཡིན་ཡང་ད་ལྟ་ང་ཚོས་འདི་ལྟར་དངོས་ཡོད་མཐོང་སྣང་ལ་གཞི་བཅོལ་ན། ལྷ་ཁང་གཅིག་ཏུ་སྟོན་པ་རྣམ་གཉིས་ལྷན་བཞུགས་སུ་གནས་པ་ནི་ཅི་ལྟར་འགྲེལ་ཨང་། དེར་དངོས་ཡོད་གནས་སྟངས་འདི་མངོན་སུམ་གྱིས་ཁས་མི་ལེན་པར་འདོད་ན། ཁྱེད་རང་བྲེལ་མི་དགོས་ཏེ། ད་དུང་རྒྱུ་མཚན་གྱི་མཐོང་སྣང་ཁྱད་པར་བ་ཞིག་ཁྱེད་ཀྱི་མིག་ལམ་ལ་དགྲམ་དུ་ཡོད་དེ། ཞོལ་པར་ལ་གཟིགས་དང་།
འདི་ནི་བན་སྔགས་བོན་གསུམ་སུམ་འབྲེལ་གྱི་ཚབ་མཚོན་ཡ་མེད་དུ་ང་ཚོས་བགྲངས་ངེས་ཏེ། འདི་གསུམ་ནི་སོ་སོའི་ལུགས་ཀྱི་མ་ཎི་ཡིག་དྲུག་རེད་འདུག་པས། ཁང་མིག་གྲུ་བཞིར་དེབ་རྐྱང་ལ་གཟིགས་མཁན་གྱི་མཁས་འཛིན་བླ་འཛིན་ཚོས་ཚོད་ཚོད་ལ་ང་ཚོར་ཅི་ཡང་ཤེས་ཀྱིན་མི་འདུག་ཅེས་པའི་མཐོང་ཆུང་མ་བོར་ལགས། རྒྱུ་མཚན་ང་ཚོས་དངོས་ཡོད་མིག་མཐོང་གིས་རྒྱུ་མཚན་འཚོལ་བ་ལས་དེབ་རྐྱང་ལུང་འདྲེན་གྱི་རིགས་གཉེར་གྱིན་མེད་པ་ནི་ཐོག་མའི་ཀུན་སློང་ཡིན་པ་ཤེས་པར་བྱ། དེར་སློབ་མས་ང་ཚོ་ལ་རྒྱུ་ཆ་མཁོ་འདོན་བྱས་པ་ལྟར་ན། བོན་པོའི་སྐྱབས་འགྲོ་འདི་ལྟར་ཡོད་དེ། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། སྐྱབས་ཀྱི་དང་པོ་བླ་མ་དམ་པ་རྣམ་ལ་སྐྱབས་སུ་མཆིའོ།།སངས་རྒྱས་ལ་སྐྱབས་སུ་མཆིའོ།། བོན་ལ་སྐྱབས་སུ་མཆིའོ།། གཤེན་རབ་གཡུང་དྲུང་སེམས་དཔའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།།བཀའ་སྐྱོང་ཡེ་ཤེས་ཀྱི་དབལ་མོ་ལ་སོགས།།བསྟན་སྲུང་ཡེ་ཤེས་པའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།། འདི་མཐོང་བས་ཀྱང་ལྷག་ཏུའང་ང་ཚོའི་བརྟག་དཔྱད་ལ་ར་སྤྲོད་གནད་འཁེལ་ཞིག་བྱས་ཡོད་པས་ང་ཚོ་ཡིད་སེམས་རབ་ཏུ་དགའ་ཞིང་ཤིན་ཏུ་སྤྲོ།
མཐའ་ཞུ། ང་ཚོ་བོན་པོ་ལ་དད་པའི་སྒོ་ནས་ཉག་ཡུལ་དུ་བསྐྱོད་པ་མ་ཡིན་ལ། ང་ཚོ་ནང་བསྟན་ལ་མ་དད་པའི་སྒོ་ནས་བོན་པོར་ཞིབ་འཇུག་བྱེད་པའི་མཁས་སྤྱང་ཡང་མ་ཡིན། ང་ཚོ་ནི་ཁམས་ན་འདུར་བའི་ཨ་མདོ་ཕོ་གསར་སྐོར་ཞིག་ཡིན་པས། ནམ་ཡང་རིག་གནས་ལ་དད་པའི་མི་བུ་སྐོར་ཞིག་ཏུ་འཆོས་འདོད། དེ་བས། ང་ཚོས་དངོས་ཡོད་དང་གནས་ལུགས་བཙལ་དང་འཚོལ་བཞིན་ཡོད་པ་ལས། དུངས་ཞེན་དང་དད་ཞེན་འཚོལ་བ་མིན།
ང་ཚོས་རང་ནུས་ཀྱི། རང་འགན་གྱི། རང་བརྩོན་གྱི། རང་གཏོང་གི་སྒོ་ནས་རིག་གནས་ཤིག་གི་ཉིང་བཅུད་དང་ཡང་བཅུད་གཞིབ་འདོད།
ཡང་ཞུ། ང་ཚོ་ལ་འཕྲད་པའི་མཚར་གཏམ། ང་ཚོས་ལམ་འགྲམ་དུ་བཞེངས་ཡོད་པའི་བན་སྔགས་བོན་གསུམ་གྱི་གཟུངས་སྔགས་དྲུག་མ་ལྷན་བཀོད་ཀྱི་ཁང་བ་དེ་ལ་ལྟ་བཞིན་པར་ལེན་བྱེད་ཀྱིན་པའི་སྐབས་སུ། གློ་བུར་དུ་ཕོ་གསར་ཞིག་གིས་འཕྲུལ་རྟ་བསྐོར་ནས་ང་ཚོ་སར་ཐོན་དེ། དེར་ཁོང་གིས་ཁང་བ་འདི་པར་བླངས་ན་སྒོར་མོ་དགོས་རབས་ཀྱི་གཏམ་གླེང་། དེར་ང་ཚོས་ཕྱིར་ང་ཚོ་ཚང་མ་བོད་པ་ཡིན་པས་བོད་པ་བོད་པར་པར་རིན་མ་བསྡུ་ན་འགྲིག་རབས་བཤད། ད་དུང་བོད་པ་ཚོ་སྒོར་མོ་མོད་པོ་ཡོད་པའི་སྒོ་ནས་ཡུལ་སྐོར་དུ་འགྲོ་བ་མ་ཡིན་པ་དང་། ལྷག་ཏུ་ང་ཚོ་ཕ་ཡུལ་ཨ་མདོ་ནས་ཡིན་པའི་ཁམས་ཕྱོགས་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་མི་སྣ་སྐོར་ཞིག་ཡིན་ན། སྒོར་མོ་དེ་འདྲ་མེད་ཚུལ་དང་། ཡང་ང་ཚོས་འདི་ལྟར་པར་བླངས་རྗེས་དྲ་ཐོག་ལ་བཀོད་ན་མི་འགྱངས་བར་འཛམ་གླིང་གི་ཡུལ་གྲུ་སོ་སོའི་མི་ཚོས་ཤེས་འགྲོ་བས། གཅིག་ནས་ཁྱོད་རང་ཚོའི་ཡུལ་འདི་མཚམས་སྦྱོར་བྱས་ཟིན་པ་དང་།གཉིས་སུ་ཕྱི་རྒྱལ་བ་དང་དགྱ་ནག་པ་མང་པོ་གནས་འདིར་ཡུལ་སྐོར་ལ་ཡོང་ངེས་པས། དེ་དུས་ཁྱོད་རང་ཚོས་སྒོར་མོ་བསྡུ་ཆོག་རབས་བཤད་པར། ཕོ་གསར་དེས་ཀྱང་ང་ཚོ་ལ་གུ་ཡངས་གནང་། གང་ལྟར་ང་ཚོ་མཚར་དགོས་པ་ནི་ང་ཚོ་ཕན་ཚུན་བར་གྱི་ལབ་གླེང་མ་ཡིན་པར། ལྡོག་སྟེ་བོད་པ་དམངས་ཕལ་ཚོས་ཀྱང་ཡུལ་སྐོར་ལས་རིགས་དང་འབྲེལ་ནས་རང་གི་ཁྱད་ཆོས་མངོན་ཤེས་བྱ་ཐུབ་ཀྱིན་པའི་སེམས་ཁམས་དང་ལས་སྒྲུབ་དེ་རེད། འདི་ལ་མངོན་པར་བསྟོད་དོ།།
གཟའ་ཉི་མ་གནམ་བོན་ཉག་རོང་དུ་བསྐྱོད་པ།
—————ཉིན་གཉིས་པ།
ཚོགས་བྱང་། གཟའ་ཉི་མའི་ཁ་བརྡ།
འགྲོ་དོན། གཟའ་ཉི་མའི་གནས་སྐོར་ཁག་བཞི་པ་དང་དགེ་ཆོས་ཀྱི་སྤྲིན་གྱི་རྒྱ་མཚོ་འཚོལ་བ།
ཚོགས་ཐེངས། སྐབས་དགུ་བ།
འགྲོ་དུས། གཟའ་ཉི་མ།(སྤྱི་ཟླ༡༠བའི་ཚེས༢ཉིན)
དུས་ཡུན། སྤྱི་ཟླ༡༠པའི་ཚེས་གཉིས།
འགྲོ་ཡུལ་གཉིས་པ། ཉག་རོང་ཤང་ལང་བྲག་དཀར།
འགྲོ་མི། ༀ་འབར། སྒོམ་པ་ཚེ་རིང་། རྡོ་རྗེ་རྒྱ་མཚོ།
ཀུན་བཟང་ཚེ་རིང་། བཀྲ་ཤིས་ཚེ་རིང་། སློབ་མ་ཁ་ཅིག
ང་ཚོ་འདི་ལྟར་ཡུལ་སྐོར་གནས་སྐོར་ལ་བསྐྱོད་དུས། རང་བྱུང་གི་མཛེས་ཉམས་ལྷུན་གྲུབ་དེ་ལ་གནས་དུས་འདེམ་ཤེས་རྒྱུ་ནི་ཧ་ཅང་གི་དོན་ཆེན་ཡིན། འདི་ནི་གནས་སྐོར་རྒྱུན་ཤེས་ལ་མེད་དུ་མི་རུང་བའི་སེམས་ཁམས་ཀྱི་གྲ་སྒྲིག་ལྡོག་མེད་དེ་ཡིན། དེར་མ་ཟད། ལམ་བར་དུ་གང་ལ་འཕྲད་དང་ཅི་ལ་ཐུག་པར་ཡང་སྔ་མོ་ནས་གྲ་སྒྲིག་བྱེད་དགོས་མོད། ཁ་སང་དེ་རིང་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བས། གནས་དང་དུས་དེ་འདེམ་ཤེས་ཀྱང་གནམ་གཤིས་ཀྱི་འགྱུར་ལྡོག་དེ་སུ་ཡིས་ཚོད་ཀྱིས་ཐིག གང་ལྟར་ང་ཚོ་རྫོང་ནས་ཆས་ཏེ་ཀྱག་ཀྱོག་གི་ལམ་ཕྲན་དང་རོང་ཁོག ལུང་མཐིལ་རིང་མོ་དག་ཆུ་ཚོད་གཉིས་ཙམ་ལ་འགྲིམས་མཐར་ཁ་ལོ་བས་བཤད་པ་ལྟར་ན་ང་ཚོ་དམིགས་གཞིའི་རི་བོ་ལ་ཐོན་ཟིན་ཟེར། དེར་ང་ཚོས་ཉེ་རབས་མཁས་དབང་དགེ་ཆོས་ཀྱི་རི་བོ་གངས་ཅན་གྱི་མཛེས་ལྗོངས་ཞེས་པ་དེ་དྲན་འོང་། མཁས་དབང་ཁོང་ཉིད་ནི་རི་རྩེ་ནས་རི་འདབས་ལ་ཞབས་རྗེས་རིམ་གྱིས་ཕབ་སྟེ་བབས་པ་ཞིག་ཡིན་པ་དང་། ང་ཚོ་ནི་ལྗོངས་འཁོར་ལ་བསྐྱོན་དེ་རི་འདབས་ནས་རི་རྩེ་ལ་ཡར་འཛེགས་བྱེད་པ་ཞིག་ཡིན་པ་རེད། ཁོང་གི་མཐོང་ལམ་ནི་ཐོག་མར་ཡངས་ཤིང་ཆེ་བ་ནས་རིམ་བཞིན་ཇེ་ཆུང་ཇེ་ཆུང་དུ་འགྲོ་བའི་ཁ་མར་འཁོར་གྱི་མཐོང་རྒྱ་འགོག་པའི་རྫ་འདབ་སྤང་ཁུལ་ནས་ལུང་མཐིལ་ནགས་ཁྲོད་དུ་འགྲིམས་པའི་རིགས་ཡིན་པ་དང་། ང་ཚོའི་མཐོང་ལམ་ནི་ཐོག་མར་དོག་ལ་ཆུང་བ་ནས་རིམ་བཞིན་ཇེ་ཆེར་ཇེ་ཆེར་འགྲོ་བའི་ཁ་ཡར་འཁོར་གྱི་ལུང་མཐིལ་ནགས་ཁུལ་ནས་གངས་རྫ་སྤང་ཐང་དུ་བསྐྱོད་པའི་རིགས་ཡིན། ཉིན་འདིར་སྔ་མོར་ལུང་མཐིལ་བགྲོད་དུས་ཆར་བ་ཟམ་ཟིམ་བབས་པ་དང་།སྨུག་ལང་ལོང་གི་ན་བུན་འཐིབ།ནམ་ཟླ་དྲོད་ཙམ་འདུག ལྗོན་ཤིང་གི་ལོ་མ་དག་ལྗང་སེར་དུ་མངོན།བར་དུ་རི་སྐེད་ནགས་ཁྲོད་བརྒྱུད་དུས་ཆར་བ་ཤག་ཤག་བབས་ཀྱང་ཕྱོགས་ཕྱོགས་སུ་སྤྲིན་གྱི་བང་རིམ་འཁྱིལ། ནམ་ཟླ་འཁྱག་ཙམ་འདུག ལྗོན་ཤིང་གི་འདབ་མ་དག་ལྗང་ཁུར་མངོན།མཐའ་མར་རི་རྩེ་སྤང་ཐང་ལ་སླེབས་དུས་གངས་ཆར་འདྲེས་མ་བབས་ལ།ཉེ་རྒྱང་གང་རུང་དུ་གངས་ཆར་གྱི་ལྟེང་ཀ་འཁྱིལ། ནམ་ཟླ་ཇེ་འཁྱག སྤང་རྩྭ་ལྗང་སེར་དུ་མངོན།
ཤང་ལང་བྲག་དཀར་ནི་གནས་ཧ་ཅང་གི་འགངས་ཆེན་ཞིག་ཡིན་པར་གྲགས། གྲུབ་ཆེན་པདྨ་བདུད་འདུལ་གཏེར་ལུང་ལས། ངོ་མཚར་ལྷོ་གླིང་གངས་ཅན་ཤར་གྱི་ཕྱོགས།།རོང་བཞིའི་དབུས་གནས་ཨ་འཛི་རོང་ཚན་གྲགས།།སྦས་ཡུལ་ཀོ་སྰ་ལ་ཡི་གནས་ལྔ་རུ།།སྐུ་གསུང་ཐུགས་ཡོན་འཕྲིན་ལས་གནས་ཆེན་ལྔ།། ཉག་ཨ་འཛི་རོང་གི་སྟོད་ཆར། རྫ་ཆབ་སྔོན་མོའི་གཡས་ཀྱི་ཟུར།སྐུའི་གནས་ཆེན་ཞལ་དཀར་སྟོང་རག་བྲག གསུང་གི་གནས་ཆེན་ཨ་བསེ་བྲག་དཀར། ཐུགས་ཀྱི་གནས་ཆེན་ཤང་ལང་བྲག ཡོན་ཏན་གྱི་གནས་ཆེན་དགའ་བ་བྲག འཕྲིན་ལས་གྱི་གནས་སྣ་བྲག་དཀར་ཞེས་གནས་ཆེན་ལྔའི་གྲས་སུ་བགྲངས་ཡོད་པ་རེད།
ང་ཚོ་རི་རྩེའི་སྤང་ཁུལ་དུ་ཆགས་པའི་གནམ་བོན་དབལ་ཁྱུང་དགོན་ལ་སླེབས་པ་ན། དེའི་བོན་གྲྭའི་བཀའ་བཀོད་ལྟར་ཐོག་མར་ཤང་ལང་བྲག་དཀར་ལ་བོན་སྐོར་བརྒྱབ།དེར་མཁས་དབང་དགེ་ཆོས་ཀྱི་རི་བོ་གངས་ཅན་གྱི་མཛེས་ལྗོངས་སུ། རི་ངོས་གཅིག་གི་གནས་ཡར་མར་གྱི་དྲོད་གྲང་གི་འགྱུར་ལྡོག་དང་ལྗོན་ཤིང་གི་རིགས་སྣ། བྱ་བྱེའུ་འབའ་འབུའི་སྐད་སྒྲ་སོགས་མཐོང་ཐོས་མྱོང་རེག་སྣ་ཚོགས་ཀྱི་མི་འདྲ་བའི་རིགས་དེ་ལྷམ་མེར་ལྷང་ངེར་ང་ཚོའི་མིག་ལམ་དུ་གཟུགས་ཡོད་ཀྱིས་བསྟན་ཡོད། རེད་དེ། ང་ཚོས་ནི་གནས་རི་འདིའི་མདུན་རྒྱབ་ཀྱི་ངོས་མི་འདྲ་བའི་མཐོང་སྣང་མི་འདྲ་བ་འདི་ལྟར་མཐོང་སྟེ། མདུན་གྱི་ཕྱོགས་མཐོང་རི་རྩེ་དང་རི་བར་དག་ན་སྤྲིན་གྱི་ཚོགས་ནི་ལ་མ་ལིང་གིས་རྒྱུ་ཞིང་། བར་བར་དག་ཏུ་རི་རྩེའི་སྔོ་ལྗང་ལྷན་ནེར་འབུར་ཞིང་གཟེང་ངེར་མཐོང་བས་རི་མགོ་རི་འདབས་ལ་གཡང་དཀར་ལུག་གིས་ཁེབས་པ་ལྟར་སྣང་། རྒྱབ་ཀྱི་ཕྱོགས་སུ་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་གྲང་རླུང་འཁྱག་སིབ་སིབ་ཏུ་ལྡིང་། རྒྱང་རིང་གི་རི་རྩེ་དག་གངས་ཀྱིས་བཟུང་ཞིང་ཉེ་འགྲམ་ཀུན་གྱི་ཤིང་སྣའི་མགོ་བོ་ཁ་བའི་ལྗིད་ཀྱིས་དུད་ཡོད་པས་སྐྲ་དཀར་གྱི་ཨ་མ་རྒད་མོ་དང་དབྱེར་མ་མཆིས། འདི་ལྟ་འདི་ལྟར་ཕན་ཚུན་ཞིབ་བསྡུར་གྱིས་བརྗོད་ན།འདྲ་ཆོས་ཚེགས་མེད་ཀྱིས་མཐོང་ཐུབ་ལ།མི་འདྲ་བའི་ཆོས་ཀྱང་རང་བཞིན་གྱིས་རྟོགས་ངེས། དོན་ངོ་མར་མཁས་དབང་དགེ་ཆོས་ཀྱི་མཛེས་ལྗོངས་དེ་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རྒྱ་གར་ཕྱོགས་ཀྱི་ཡུལ་ལྗོངས་ཡིན་པ་ལས་ཧི་མ་ལ་ཡའི་བྱང་ཕྱོགས་ན་གནས་པའི་རི་བོ་གངས་ཅན་པའི་སྣོད་བཅུད་མ་རེད་ལགས།ང་ཚོའི་འདི་ནི་ད་གཟོད་བོད་ཡུལ་གཡང་གི་ཕ་སའི་ལྟེ་ཁུག་ན་ཆགས་པའི་ཁམས་རོང་ཉག་ཡུལ་གྱི་མཛེས་ལྗོངས་རྨ་མེད་དེ་ཡིན་ནོ།། མ་ཟད། དགེ་ཆོས་ནས་བརྗོད་ཀྱིན་པའི་ཧི་མ་ལའི་སྤྲིན་གྱི་རྒྱ་མཚོ་ཞེས་པའང་རང་རེ་ལ་ཁ་ཕྱོགས་པའི་ཧི་མ་ལའི་བྱང་རིའི་ཁྱད་ཆོས་ག་ལ་ཡིན་ཏེ་མིན་ནོ།། ང་ཚོའི་འདི་ནི་ད་གཟོད་གངས་ཅན་པའི་པང་ན་ཆགས་པའི་ཁམས་ཉག་རོང་གི་ཤང་གཤོང་བྲག་དཀར་གྱི་སྤྲིན་གྱི་རྒྱ་མཚོ་ཡིན་པས་རི་བོ་གངས་ཅན་གྱི་མཛེས་ལྗོངས་ཞེས་པའི་མཚན་མ་དོན་མཐུན་དེ་འདི་ན་གདའ་འོ།།
མ་གཞི་ང་ཚོ་གཟའ་ཉི་མས་སྤྱི་ཟླ་བཞི་བའི་ནང་དུ་མཁས་དབང་དགེ་ཆོས་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་རྩ་བརྒྱད་འཁོར་བ་དང་སྐུ་གཤེགས་ནས་ལོ་ངོ་དྲུག་ཅུ་འཁོར་བ་ལ་སྔ་མོ་ནས་རྗེས་དྲན་ཡིད་འཚིམ་པ་ཞིག་ཚོགས་གླེང་གི་རྣམ་པས་འཚོགས་ཟིན་མོད། དེ་ནི་དུས་ལྟར་དྲན་པ་མ་ཡིན་རུང་ང་ཚོས་དགོས་དབང་གང་མང་ལ་བསམ་བློ་བཏང་ནས་འཚོགས་པ་ཞིག་ཡིན་པས་རྗེས་དྲན་དོན་ལྡན་དུ་ང་ཚོས་འདོད། ཡིན་ཡང་ཁ་སང་དེ་རིང་བོད་ཀྱི་སྒེར་གཉེར་དྲ་བ་ན་གཞོན་གསར་བར་ནུབ་བྱང་དགེ་སློབ་སྐོར་ཞིག་ནས་དགེ་ཆོས་ལ་དུས་དྲན་བྱས་པ་ལ་གཞིར་བཞག་སྟེ་དགེ་རང་ལ་རྗེས་དྲན་བྱས་ན་དོན་སྙིང་ཡོད་མེད་སོགས་ཀྱི་བློ་རྩོམ་བཀྲམས་དང་དགྲམ་བཞིན་པ་ལ། ང་ཚོས་དེ་དང་མཐུན་པའི་རིག་རྩོམ་སྒྲོག་སྦྱོང་རྣོ་ངར་ཅན་ཏེ་སྔོན་མའི་རྗེས་དྲན་སྐོར་གྱི་རྩོམ་འགའ་བསལ་འདེམ་གྱིས་དྲ་བར་འགོད་བསམ་ཡང་། ཞིབ་ཏུ་བསམ་བློ་བཏང་ན། ཐམས་ཅད་དེབ་རྩོམ་ཁུངས་འདྲེན་གྱི་རིགས་ལས་བརྒལ་མེད་པས་རང་སྣ་རང་གིས་དམ་འཇུས་བྱས་པ་ཙམ་གྱི་དགོས་པ་ལས་མ་མཐོང་ན། གནས་སྐོར་འདི་ནི་ངོ་བོ་གཞན་ནམ་རྣམ་པ་གསར་བ་ཞིག་གམ། ཡང་ན་དགེ་ཆོས་ཀྱི་རྩོམ་བྱེ་བྲག་པ་ལ་བབས་ཏེ་ཁོང་གི་ཞབས་རྗེས་འཁོད་གནས་དང་དེ་ལས་འཁྲུངས་པའི་བློ་བསྐྱེད་ལ་ཆེས་ཐག་ཉེ་ས་ནས་རྒྱུས་ལོན་དང་བསམ་ཞིབ་ཕུལ་ཡོད་ན། དགེ་ཆོས་ཀྱི་ཐུན་མིན་ཁྱད་ཆོས་ཏེ་རིག་གནས་ཞབས་རྗེན་པའི་ངང་ཚུལ་དེ་ང་ཚོས་ཁས་མི་ལེན་རང་ལེན་རེད་འདུག འདི་ལྟ་འདི་ལྟར་ང་ཚོས་ཁོང་གི་རིག་གནས་ཞབས་རྗེན་པའི་སྙིང་སྟོབས་ལ་སེམས་ཀྱིས་བསམ་ཞིང་ལག་གིས་སྙོབ་སྟེ་རྐང་གིས་བཅར་ན། ལུས་སེམས་བདེ་སྡུག་གི་ཚོར་དྲུག་རྙེད་ཚུལ་ལ་ངང་གིས་བསྐྱོད་ཡོད་པར་ང་རྒྱལ་གྱིས་འདོད་ལ།དངོས་སྐྱོད་ཀྱི་གནས་སྐོར་འདིས་ང་ཚོར་དགེ་ཆོས་རྙེད་ཀྱིན་པའི་གདེང་སྤོབས་གཟི་བརྗིད་ཅན་ཞིག་བར་མེད་དུ་བསྩལ་ཡོང་།
ད་རེབ་ང་ཚོ་རི་རྩེ་དགུང་ལ་ཟུག་པའི་ཤང་ལང་བྲག་དཀར་ལ་འགྲོ་དགོས་དོན་ནི། རང་རེ་ཚོའི་ཡབ་མེས་ཀྱི་གདོད་ཆོས་གཤའ་མ་ལ་འཚོལ་ཞིབ་བྱེད་དུ་སོང་བ་ཡིན་ཏེ། དབལ་ཁྱུང་དགོན་འདི་ནི་དབེན་མཐའ་ཡང་མཐའ་རུ་ཆགས་པའི་རྒྱུ་མཚན་གྱིས་སོ།།ཏག་ཏག་མཁར་གྲོང་དང་ཆེས་ཐག་ཉེ་སར་གཞི་ཆགས་པའི་དགོན་ཁག་རྣམས་སུ་གདོད་ཆོས་རང་མདངས་མ་ཡལ་བ་དག་འཚོལ་དཀའ་བས་རེད། ང་ཚོ་འདི་ལྟར་ལྗིད་ཏིག་ཏིག་གི་རེ་བ་དང་བློ་སེམས་ཀྱིས་ཆས་ཡོང་ན། གནས་འདི་རུ་བོན་དྲི་མ་ཡལ་བའི་བོན་པོའི་ཁྱད་ཆོས་ཐུན་མིན་ཅན་མཐོང་མ་སོང་། ཡིན་ཡང་། ང་ཚོ་མཐའ་གཅིག་ཏུ་རེ་ཆད་ཀྱང་འབྱུང་མི་ངེས་ཏེ། ང་ཚོས་གནའ་བོའི་བཙན་པོ་ཡར་སྔོན་གྱི་ཡི་གེར་གྲགས་པའི་ཞང་ཞུང་གི་ཡི་གེ་སྟེ་སྨར་ཆུང་གི་མ་དཔེ་ཞིག་ལག་ཏུ་སོན་པས་དགའ་བ་བརྒྱ་འགྱུར་སྟོང་འགྱུར་གྱིས་མྱོས་ནས་ཕྱིར་ལོག དེར་ང་ཚོས་ལམ་བར་དུ་ཁ་བརྡ་ཡར་མར་སྣ་ཚོགས་བརྒྱུད། ད་ཐེངས་ཀྱི་ཡུལ་སྐོར་འདི་ནི་ཆེས་དཀའ་སྡུག་གི་འགྲུལ་བཞུད་ཅིག་དང་ཆེས་ཉེན་ཁ་ཆེ་བའི་གནས་འགྲིམས་ཤིག་ཡིན་པས་ང་ཚོ་ང་རྒྱལ་སྐྱེས་ཆོག་ཆོག་གི་སྒོ་ནས་རང་འབྲས་མངོན་འདོད། མ་ཟད། ང་ཚོས་འདི་ལྟར་བརྗོད་ནའང་འདོད་དེ། ད་རེབ་ཀྱི་འགྲུལ་བཞུད་འདི་ནི་གཡུང་དྲུང་གནམ་བོན་དུ་བསྐྱོད་པའི་འཁོར་འགྲུལ་རིང་མོའམ། ཡང་ན་རི་བོ་གངས་ཅན་གྱི་སྤྲིན་གྱི་རྒྱ་མཚོ། ཡང་ན་རྩེད་ཀི་རྩེད་ཀི་གནམ་ལ་འགྲོ་སོགས་ཁ་བྱང་ལ་ཅི་རིགས་སུ་འདོགས་འདོད་ཆེ་མོད། ཁ་སང་དེ་རིང་གི་རིག་གནས་པའི་གླེང་ཕྱོགས་སྤྱི་དང་ང་ཚོ་ཐུན་མོང་གི་གྲོས་ཁ་ལྟར་ཉག་རོང་གི་ཁྱད་ཆོས་གཞི་བཟུང་ནས་ཁ་བྱང་བཏགས་པ་ཡིན། གལ་ཏེ་མི་དགའ་མཁན་ཡོད་ན་དགོངས་འགལ་ཞུ།
མངོན་རུང་གི་གྲུབ་འབྲས།
གཅིག ད་རེབ་ཀྱི་འགྲོ་སོང་ཚང་མ་རང་གཏོང་ཡིན་པས་གཞན་ལ་ལག་པ་སྲིང་མེད།
གཉིས། དམིགས་གཞིའི་བོན་པོའི་སྐོར་གྱི་གདོད་མའི་ཁྱད་ཆོས་ཡིད་འབབ་ཅིག་མ་རྙེད་རུང་རྒྱུ་ཆ་མང་པོ་ཞིག་ཞོར་དུ་རྙེད།
གསུམ། དགེ་ཆོས་ཀྱི་དངོས་སྐྱོད་དངོས་འབྲིའི་ཡུལ་ལྗོངས་མཛེས་ཉམས་ལ་ཞབས་ལག་སེམས་གསུམ་གྱིས་དངོས་སུ་མྱོང་བ།
བཞི། སློབ་མ་དང་ཁྱིམ་བདག་བཟང་བོ་ལ་འཕྲད་པས་ཕྱོགས་གང་ཅིའི་ཐད་ཀྱི་དཀའ་ཉོག་སེལ།
ལྔ། ཉག་རོང་ཟླ་བཟང་གི་བཀའ་དྲིན་ཡིན་ནམ་ཡང་ན་རྐྱེན་གཞན་གྱིས་ཡིན་པ་གང་ཡིན་ཆ་མ་འཚལ་མོད། ཉག་ཡུལ་གྱི་དགོན་ཁག་ཁ་ཤས་སུ་དགེ་ཆོས་ཀྱི་གསུང་དང་ཐང་ག་དག་རྗེ་ཙོང་ལས་ཀྱང་བྲིན་པར་འདུག
མཐར་ང་ཚོ་མཉམ་འགྲོ་མཉམ་སྒྲུབ་ཀྱི་སེམས་མཐུན་ལས་གྲོགས་ཚོར་བཀའ་དྲིན་རང་གིས་རང་ལ་ཞུ་བ་དང་ཁྱིམ་བདག་བུ་སློབ་ཚོས་མཐུན་རྐྱེན་གང་ལ་གང་མཁོ་སྦྱར་བར་སེམས་གཏིང་ནས་བཀའ་དྲིན་ཞུ།
མཚོ་སྔོན་པོ་དྲ་ཚིགས་ལས་བཤུས།