༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དྲན་རྟེན༽ཟིན་ཐོ་དེབ་ཀྱི་འགོ་བརྗོད།
བརྒྱ་བའི་མགོན་པོ་དམུ་དབང་རྒྱལ་པོའི་སྲས། །རྣམ་མཁྱེན་གཤེན་རབ་ཀུན་ལས་རྣམ་པར་རྒྱལ། །
གང་གི་བསྟན་པ་རིན་ཆེན་གསེར་ལྟ་བུ། །དེ་འཛིན་རྒྱལ་སྲས་ཚོགས་བཅས་སྤྱི་བོར་བསྙེན། །
འཛམ་གླིང་འདི་ན་སངས་རྒྱས་བསྟན་པ་མཆོག །ཀུན་ལས་སྔ་བ་གཡུང་དྲུང་བོན་ཁོ་ན། །
ཞང་བོད་ཀུན་ཏུ་དར་ཞིང་རྒྱས་བཞིན་པ། །གཤེན་རབ་སྐུ་གསུང་ཐུགས་ཀྱི་བསྟན་པ་ཡིན། །
ཐོམ་མར་བསྟན་པའི་གཞི་མར་ཡི་གེ་སོགས། །བཟོ་རིག་དར་མཛད་གསོ་བ་སྒྲ་ཚད་ཀྱིས། །
རྨང་གཞི་བཏིང་ནས་ནང་དོན་རིག་པའི་གཞུང་། །ཐེག་དགུ་སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་། །
མདོ་སྔགས་སེམས་གསུམ་མ་ཚང་མེད་པ་ཞིག །འདི་ཕྱིའི་དོན་ཆེད་མངོན་མཐོ་ངེས་ལེགས་ཀྱི། །
གོ་འཕང་གང་ཡང་གཞན་ནས་ཚིག་གཅིག་ཀྱང་། །བཙལ་མི་དགོས་པ་བསྟན་པའི་ལུས་ཡོངས་རྫོགས། །
སྟོན་པ་གཅིག་པུས་ཞལ་གསུངས་བྱིན་རླབས་པའི། །གཤེན་རབ་གཡུང་དྲུང་བོན་གྱི་བསྟན་པ་ལ། །
ནང་བསྟན་གཞི་མ་གྲུབ་མཐའི་རྒྱལ་པོ་ཞེས། །གཟུ་བོར་གནས་པའི་མཁྱེན་ལྡན་ཀུན་གྱིས་བསྔགས། །
དེ་ཕྱིར་ཞང་བོད་ཡུལ་གྱི་ཡི་གེ་དང་། །རིག་གནས་གསར་གཏོད་བྱེད་མཁན་གཅིག་པུ་ནི། །
སྟོན་པ་གཤེན་རབ་ཉིད་ལས་གཞན་སུ་ཞིག །མིག་སྟོང་སྤྲུལ་ནས་བཙལ་ཀྱང་རྙེད་མ་ཡིན། །
འཛམ་གླིང་མཁས་པའི་མདུན་སར་མགྲིན་པའི་སྒྲ། །གཟེངས་སུ་བཏེགས་ནས་ཞུ་བ་ཕོད་པའི་དོན། །
ནོར་འཁྲུལ་མེད་པར་ཐེ་ཚོམ་སྒྲོ་འདོགས་ཆོད། །གཟུར་གནས་དཔྱོད་ལྡན་ཀུན་གྱིས་གཟིགས་དགོངས་འཚལ། །
དེ་ལྟར་ཞང་བོད་ཡུལ་ན་གཤེན་རབ་ཀྱི། །ལྔ་རིག་ཐེག་དགུ་ཐམས་ཅད་དར་བའི་དུས། །
རྒྱ་གར་ཡུལ་ན་ཕྱི་རོལ་མུ་སྟེགས་པས། །རྟག་ཆད་ལྟ་བ་སྟོན་པའི་གཞུང་ལུགས་དར། །
དེ་སྟེང་ང་མིན་ཆོས་པའི་ཆོས་ལོག་རྣམས། །གཅིག་ཐོག་གཉིས་སྣོན་ཚུལ་དུ་དར་སྤེལ་དུས། །
ལྷ་བུ་དམ་པ་ཏོག་དཀར་གཟིགས་དགོངས་མཛད། །ཤཱཀྱའི་རིགས་སུ་འཁྲུངས་ནས་མཛད་འཕྲིན་བསྐྱངས། །
ཆོས་འཁོར་གསུམ་བསྐོར་དམ་པའི་ཆོས་ཞེས་སྤེལ །རྒྱ་གར་ནང་བའི་ཆོས་ལུགས་གསར་བཏོད་མཛད། །
མུ་སྟེགས་སྟོན་པ་རྣམས་ཀྱིས་གླགས་མ་རྙེད། །བཅོམ་ལྡན་འདས་ཀྱི་བཀའ་དྲིན་བསམ་མི་ཁྱབ། །
དེ་ཕྱིར་བོད་པ་གང་ཞིག་ཞང་བོད་ཀྱི། །རིག་གནས་འབྱུང་ཁུང་སྟོན་པ་གཤེན་རབ་མཆོག །
མ་ཡིན་ཟེར་ན་འཛམ་གླིང་མཁས་རྒུའི་དྲུང་། །ང་ཡི་རུས་པ་དཀར་པོ་ཕ་ཡི་མིན། །
ཤ་དང་ཁྲག་ནི་མ་ལ་འབྲེལ་བ་མེད། །ཟེར་བ་དང་མཚུངས་བཞད་སྒྲ་ཁོང་ནས་འཆོར། །
མ་འོང་དོན་དུ་གཤེན་རབ་ཞལ་ནས་ཀྱང་། །དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན། །
འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །ཞེས་གསུངས་སྟོན་པའི་བསྟན་པ་མི་ཉམས་ཕྱིར། །
གསུང་རབ་གུ་གེར་བསྐྲུན་པའི་ལེགས་བྱས་ནི། །གཟུགས་སུ་མཆིས་ན་ལྷ་ལམ་སྣོད་དུ་ཆུང་། །
དེ་ལ་དགོངས་ནས་ཞིག་ཆེན་བཅོ་བརྒྱད་ཀྱི། །ཡང་རྩེ་གནས་འདིར་གདན་ས་སྐྱོངས་མཛད་པ། །
མཆོག་སྤྲུལ་ཤེས་རབ་བསྟན་པའི་ཟླ་བ་ཡིས། །ཐུགས་སྟོབས་བསྐྱེད་ནས་མཛད་ཕྲིན་ཕྱག་རྗེས་སུ། །
ཐུན་མོང་ལྔ་རིག་གཞུང་ཆེན་དུ་མ་ཡི། །གླེགས་བམ་བསྐྲུན་འདི་བསྟན་འགྲོའི་དོན་ཁོ་ན། །
དེ་ཡི་ལེགས་བྱས་རྣམ་དཀར་མཁའ་ཡི་གླང་། །འཆི་མེད་ལམ་ལ་རྒྱུ་ཞིང་འདོད་རྒུའི་ཆར། །
སྐལ་བཟང་དབྱིག་འཛིན་ཡོངས་ལ་འགྲེམས་པ་ཡིས། །རྨོངས་པའི་དབུལ་སེལ་རྣམ་དཔྱོད་རིག་པའི་ཚལ། །
ཕྱོགས་ཀུན་རྒྱས་ཤིང་བསྟན་པ་དར་བ་དང་། །འགྲོ་ཀུན་བདེ་སྐྱིད་ལྡན་པའི་རྒྱུར་གྱུར་ཅིག །
ཅེས་པའང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བཅོས་མིན་ཐོལ་བྱུང་དུ་སྤེལ་བ་དགེ །