ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན།
བོད་ཡུལ་དུ་བོན་བསྟན་དར་ཚུལ་གྱི་མདོར་མདོར་བསྟན་ནི། སྙ་ཆེན་ལི་ཤུ་སྟག་རིང་འོལ་མོའི་གླིང་དུ་བྱོན་ནས་སྟག་གཟིག་གི་མཁས་པ་གསུམ་ལ་སོགས་བླ་མ་མང་པོ་ལ་གཏུགས་ནས་བོན་སྡེ་མང་པོ་བོད་དུ་བསྒྱུར་ཏེ། ཡང་རྩེ་ཀློང་ཆེན་ལས། སྙ་ཆེན་ལི་ཤུ་སྟག་རིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞེས་དུས་སུ་སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་བཅུ་གཅིག་ཁྲུང་ཁྲུང་ཀང་ཀ་ངུར་བྱ་ལ་སོགས་ལ་བཀལ་ནས་དྲོ་ཐེབ་གཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབ་གཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་པོའི་བླ་མཆོད་མཛད། ཅེས་སོ། ། ཞང་ཞུང་ནས་བོད་དུ་བསྒྱུར་པ་ཡང་མང་པོ་ཡོད་དེ། རྒྱུད་ཉི་སྒྲོན་ལས། བོད་ཀྱི་བོན་པོ་རིག་པ་གསལ་བ་ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། གཅོ་ཁྲི་གཙུག་བཞི་ལ་གསེར་ཕྱེ་འབྲོང་རུ་གང་བསྐུར་ནས་ཞང་ཞུང་ལ་བོན་འཚོལ་བཏང་བས་གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་ལ་གཏུགས་ཏེ་གསེར་ཕྱེ་ཕུལ་ནས་བོན་ཞུས་པས། བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་སྡེ་ཆེན་པོ་ལྔ། ཕྱི་ནང་རྒྱས་བསྡུས་ཀྱི་བོན་སྡེ་མང་པོ་གནང་བ་བསྣམས་ནས་ཞང་ཞུང་ཡུལ་ནས་བོད་ཡུལ་དབུས་སུ་ཕྱིན། བོན་རྣམས་རྗེ་ལ་གཟིགས་ཕུལ་བས་རྗེ་ཡང་དགྱེས་སོ། ། ཞེས་སོ། ། མདོ་སྔགས་ཕལ་ཆེར་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་བོད་སེ་ལྡེ་མེ་གསུམ་གྱིས་ཞུས་པས་ཞང་ཞུང་གི་སྒྲ་ལས་བོད་སྐད་དུ་བསྒྱུར་པ་མང་སྟེ། བདལ་འབུམ་ལས། ཡུལ་བྱེ་མ་གཡུང་དྲུང་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར། ཞེས་དང་། མཛོད་ལས། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱི་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར། གཤེན་རབ་མི་བོའི་བཀའ་གཞུང་ལས་བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ། ཞེས་སོ། ། དེའང་ཞང་ཞུང་ལ་སྐད་རིགས་མང་ཡང་བསྡུ་ན། ཕུག་པའི་སྐད་བར་པའི་སྐད་སྒོ་པའི་སྐད་ཕལ་པའི་སྐད་བཞི་ལས། ཕལ་ཆེར་ཞང་ཞུང་སྨྲར་གྱི་སྐད་དེ་སྒོ་པའི་སྐད་དོ། །
སྤྱིར་བོད་ཁམས་ཞེས་པ་ནི་བོན་ཁམས་ཞེས་པའི་སྒྲ་ཟུར་ཆགས་ཏེ་བོད་ཁམས་ཞེས་གྲགས་པར་སྔ་རབས་པས་བཞེད་ལ། ལུང་གིས་ཀྱང་ངེས་ཏེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། མཁས་པ་མི་བཞི་དང་སྐུ་སྲུང་སྡེ་བཞི། གེར་མི་སྤུན་གསུམ་གྱི་རིང་ལ་མངའ་རིས་བོན་གྱིས་སྐོར་དུ་འགྱུར་བ་ལགས། ཞེས་པས་སོ། ། དེར་ཡང་གཡུང་དྲུང་གི་བོན་བྱུང་སྔ་བ་དང་། རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱི་བོན་ཁམས་ཞེས་གྲགས་སོ། །བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། ། མགོ་ལམ་དྲང་ཤད་ཀྱིས་མདོར་ཡང་བཅད། ། ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། ། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། ། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། ། ཞེས་པས། དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་གྲགས་སོ། ། གཞན་སྡེ་ཁ་ཅིག་གིས། བོད་ཡིག་ནི་སྲོང་བཙན་གྱི་རིང་ལ་ལོ་ཙྭ་བ་ཐུ་མིས་མཛད་པ་སྟེ། རྒྱ་གར་གྱི་ཡི་གེ་ལ་ཅ་ཆ་ཇ་གསུམ། ཞ་ཟ་འ་གསུམ་དང་དྲུག་མེད་པས་ཟ་ཧོར་ནས་བཙལ་ཟེར། ཡང་ཁ་ཅིག་གིས། ཨོ་རྒྱན་གྱི་ཡི་གེ་ལ་ཡོད་པས་དེ་ནས་བྱུང་ཟེར་བའང་བབ་ཅོལ་སྨྲས་པ་སྟེ། འདྲ་འདྲ་གཅིག་རྙེད་ན་གཉིས་བཙལ་མི་དགོས་པའི་ཕྱིར་རོ། ། དེ་དག་གིས་འདོད་དོན་གནམ་རི་སྲོང་བཙན་ཡན་ཆད་རྒྱལ་རབས་སུམ་ཅུ་རྩ་གཉིས་ལ་བོད་ན་ཡི་གེ་མེད་པས། ཆོས་རྒྱལ་སྲོང་བཙན་རིང་ནས་ཡི་གེའི་སྲོལ་བཏོད་ཞེས་རང་བསྟན་དང་ཆོས་ཀྱི་རྒྱལ་བློན་ལ་བསྟོད་ཅིང་། བོན་ལ་སྨོད་པའི་ཐབས་ཙམ་སྟེ། ཆོས་རྒྱལ་ལ་བསྟོད་པའི་ཤུགས་ལས་ཡབ་མྱེས་གོང་མ་རྣམས་སྨ་ཕབ་པར་མ་ཤེས་པའོ། །
དེས་ན་རྒྱལ་པོ་འདི་ཡན་ལ་བོད་ན་སངས་རྒྱས་ཀྱི་བསྟན་པ་རྒྱུ་འབྲས་ཀྱི་བོན་རྣམས་ཡོད་པས་བསྟན་པ་ཡོད་ན་ཡི་གེ་མེད་པའི་ཐབས་མི་སྲིད་དོ། ། དེར་མ་ཟད་རྒྱལ་པོ་ཆེན་པོའི་ཆབ་སྲིད་འཛིན་པ་ལའང་ཡི་གེ་མེད་ན་འཇིག་རྟེན་གྱི་རྣམ་བཞག་ལེགས་ཉེས་སྤང་བླང་རྒྱལ་པོའི་དཔྱ་ཁྲལ་ལས་ཀྱི་བསྐོས་གཞག་སོགས་ཀྱང་བྱ་ཐབས་མེད་པས་དུད་འགྲོ་དང་མཚུངས་པར་ཧ་ཅང་ཐལ་ལོ། ། ཡང་སྲོང་བཙན་གྱི་བཀའ་ཆེམས་ལས། རྒྱ་གར་དུ་ཨེ་ཀ་བོད་སྐད་དུ་ཅི་མ་བཏུབ་ནས་བོད་ཡིག་གི་ཅ་བཅུག་དྷརྨ་ལ་ཆོས་མ་བཏུབ་ནས་ཆ་བཅུག ལོ་ཀའི་སྒྲ་ལས་འཇིག་རྟེན་མ་བཏུབ་ནས་ཇ་བཅུག ན་མ་ལ་ཞེས་མ་བཏུབ་ནས་ཞ་བཅུག རཱུ་པ་ལ་གཟུགས་མ་བཏུབ་ནས་ཟ་བཅུག རྒྱའི་ཡི་གེ་རིང་པོ་ལ་བོད་ཀྱི་རིང་པོ་མ་བཏུབ་ནས་འ་བཅུག་ཞེས་པ་དེ་རྣམས་མ་གཏོགས་པར་རྒྱ་གར་གྱི་ཡི་གེ་ཡིན་པར་འདོད་ནའང་མངོན་སུམ་གྱིས་འགལ་ཏེ། ད་ལྟ་རྒྱ་གར་གྱི་ཡི་གེ་དང་བོད་ཡིག་རྣམས་སྒྲ་གཟུགས་བརྙན་དང་བཅས་པ་མི་མཐུན་པར་འདུག་པའི་ཕྱིར་དང་། མ་རྒྱུད་ལས། རྒྱ་བོད་ཡི་གེ་གཏན་ནས་མི་འདྲའོ། །ཞེས་གསུངས་སོ། ། དེས་ན་སློབ་དཔོན་པདྨའི་ཞལ་ནས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་པའི་ཚེ། ། རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ། །ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། ། ལྷ་ཡི་མཚན་རྣམས་འབྱུང་བའི་སྒྲ་ལས་དྲངས། །སྔགས་རྣམས་མ་བསྒྱུར་རྒྱ་གར་རང་སོར་བཞག། ཞེས་གསུངས་པ་ལ་ཡིད་རྟོན་པར་བྱའོ། །