སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཚད་མ་དྲུག་དང་འབྲེལ་བའི་དོགས་གླེང་།
[ 2020/6/5 14:18:00 | By: vase ]
 


       ཚད་མ་དྲུག་དང་འབྲེལ་བའི་དོགས་གླེང་།


    མཁར་སྤ་བསོད་ནམས་བློ་གྲོས།


བརྡ་ཆད་གཙོ་བོ།  ཚད་མ་དྲུག ཚད་མ་སྡེ་བདུན། ཚད་མ་གསུམ། ཚད་མ་གཉིས་བཅས།


༧   ནང་པ་གཤེན་རབ་པའི་བསྟན་པ་འདི་གདུལ་བྱ་བློ་རབ་འབྲིང་སོགས་ལ་ལྟོས་འཇོག་དབང་གིས་གྲངས་ཀྱི་བསྡུ་ཚན་ལ། བོན་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ་དང་ཕྱི་ནང་གསང་གསུམ་གྱི་བསྡུ་རིམ་མི་འདྲ་བ་གང་བསྟན་པ་འདིའི་དམིགས་ཡུལ་མཐར་ཐུག་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་གསུང་བ་ཞིག་ཡིན་པས། ཉེས་པ་ཟད་པའི་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལུང་ཚད་མ་དང་། བཀའ་ཡི་དགོངས་པ་ཇི་བཞིན་བཀྲོལ་བའི་རྗེས་འཇུག་རྩོམ་པ་པོ་ཚད་ལྡན་གྱིས་མཛད་པའི་བཀའ་བརྟེན་སོགས་རི་བོའི་གཏོས་ལས་མཐུག་པ་དང་རྒྱ་མཚོའི་གཏིང་ལས་ཟབ་པའི་མན་ངག་ཟིལ་པ་ཁྲོམ་མེར་བཞུགས་ཡོད་པ་འདི་ནི། ང་ཚོ་གདུལ་བྱ་ལས་ལྡན་རྣམས་ཀྱི་བསོད་སྐལ་ཞིག་ཡིན་པར་ངོས་འཛིན་ཡོད། ང་ཚོ་སྐྱེ་འགྲོ་སུ་ལའང་བདེ་བ་སྡུག་བསྔལ་གང་འབྱུང་མིན་ནི། ཡང་དག་པའི་གཞི་ཤེས་བྱའི་ཡིན་ལུགས་ཁོ་ན་ཉིད་དེ་རྟོགས་པ་དང་མ་རྟོགས་པ་ལས་བྱུང་དགོས་ཏེ། སྟོན་པའི་བཀའ་སངས་རྒྱས་རྒྱུད་གསུམ་ནང་། སངས་རྒྱས་སེམས་ཅན་གཉིས་ཀྱི་འབྱུང་གཞི་ནི། གཞི་དོན་རྟོགས་དང་མ་རྟོགས་ཁྱད་པར་ཆེ། ཞེས་གསུངས་པ་དང་།  སྟོན་པའི་བཀའ“་རྒྱུད་བུ་ཆུང་བཅུ་གཉིས་ལས། དེ་རྟོགས་མ་རྟོགས་ཁྱད་པར་ཆེ་ཞེས་གསུངས་པ་དེ་འདིའོ།  ཡང་དག་པའི་གཞི་ཤེས་བྱའི་གནས་ལུགས་དེ་ཁོ་ན་ཉིད་འདི་རྟོགས་པ་ལ་ཡང་དག་ཐོས་བསམ་སྒོམ་པའི་ཤེས་རབ་བཙལ་བ་ལ་འབད་འབུངས་ཅི་ལ་མི་དགོས། ཡང་དག་ཐོས་བསམ་སྒོམ་པའི་ཤེས་རབ་ཡང་དག་ཅིག་རྒྱུད་ལ་སྐྱེ་བ་ལ་ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་འཇུག་དགོས་པ་ཤིན་ཏུ་གལ་ཆེ་སྟེ། སྟོན་པའི་མདོ་འབྲིང་པོ་ལས།  དེ་ཁོ་ན་ཉིད་ཀྱི་གཤིས་ལུགས་འཇལ་བར་བྱེད་པའི་བརྡ་ཐབས་ཏེ། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན་ཞེས་གསུངས་པ་དང་། ཡང་འཇལ་བྱ་གནས་ལུགས་ཀྱི་ཕྱོགས་ལ་ལྟོས་ཏེ། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན་ཞེས་གསུངས་པས། ཚད་མ་གསུམ་དང་དྲུག་གང་རུང་གི་སྟོབས་ཀྱིས་ཁོ་ན་ཉིད་ཀྱི་གནས་ལུགས་དེ་གཏན་ལ་དབབ་དགོས་པ་གཙིགས་སུ་ཆེའོ། 
༡  དང་པོ་མངོན་རྗེས་ཚད་མའི་ཐ་སྙད་སོགས་རང་གཞུང་གང་ནས་གསལ་མིན་དང་།
༢ གཉིས་པ་ཚད་མ་དྲུག་གི་རྣམ་གྲངས་དང་།
༣ གསུམ་པ་བཀའ་ཚད་མ་དང་འབྲེལ་བའི་ཟིན་མཚམས་ཐོར་བུ་སོགས་དོན་རྣམ་པ་གསུམ་གླེང་བའི་ཁུལ་དུ་མཆིས་པ་ལས།
དང་པོ་ནི། སྤྱི་རྒྱུད་ཡེ་ཁྲི་མཐའ་སེལ་གྱི་ལོ་རྒྱུས་སྐོས་ཀྱི་མཆོང་ལས། སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད། ལས་ཅན་ཡིད་ཆེས་སྐྱེ་ཕྱིར་རོ།  ཞེས་གཏན་ཚིགས་ལུང་གིས་གྲུབ་པ་ལྟར།  ཚད་མ་རིག་པའི་བྱུང་ཁུངས་མདོ་ཙམ་གླེང་བ་སྟེ། ང་ཚོ་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་གི་ལམ་སྟོན་ཆེན་མོ་རྣམ་འདྲེན་སྟོན་པ་རབས་དགུའི་ནང་ཚན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་ལོ་མཛོད་དགུ་ཡི་མཛད་པ་རྫོགས་ནས་གཤེན་གྱི་བགྲང་བྱ་བཅུ་ཕྲག་གཅིག་འཁོར་ལ་ཉེ་སྐབས་སུ། གཡུང་དྲུང་དགུ་རྩེགས་ཀྱི་རྩེ་མོར་ཕེབས་ཏེ་ཐུགས་སྲས་རྨ་ལོ་དང་། གསུང་སྲས་གཡུ་ལོ་གཉིས་ལ། སྒྲ་དང་ཚད་མ་རིག་པའི་བོན་སྡེ་གཏན་ལ་ཕབ་ནས་གསུངས་ཏེ། རྣམ་རྒྱལ་གཟུངས་སྡེ་ལས། སྒྲ་རིག་པའི་བོན་སྡེ་གསུམ་ནི་ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ། ལྷ་སྲིན་བར་དུ་གཏན་ལ་ཕབས་ཏེ། སྣོད་ནི་རྨ་ལོ་དང་གཡུ་ལོ་གཉིས་ལ་བསྟན། དེ་ཡང་སྒྲ་ཚད་གཉིས་སུ་བྱུང་བས། སྣོད་ཀྱང་གཉིས་ཡིན་ནོ་ཞེས་གསུངས་སོ།། སྒྲ་ཚད་གཉིས་ལས་ཚད་མ་རིག་པའི་བོན་སྡེ་ལ་ཚད་མ་སྡེ་བདུན་དུ་གྲགས་པའི་གཞུང་ལུགས་ཏེ། ཚད་མ་སྡེ་བདུན་ནི། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ་དང་། རྩོད་པ་རྫུ་འཁྲུལ་དྲྭ་བའི་སྡེ་དང་། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླངས་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་རྩོད་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་ཆོད་ཀྱི་སྡེ་བཅས་གཏན་ལ་ཕབས་ནས་རྒྱས་པར་གསུངས་པ་དང་།  སྤྱིར་བཏང་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་ཅེས་པའི་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མའི་རྣམ་བཞག་འདི་ཚོ་ཡང་ཆུ་འགོ་གངས་ལ་ཐུག་ས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་དུ་མ་ཞིག་གི་ནང་ལས་གསལ་ཏེ། སྟོན་པའི་བཀའ་མན་ངག་ལུང་གི་ཚད་མའི་གཞུང་དང་། རྩོད་སྤོང་སྨྲ་བའི་སེང་གེ མུ་སྟེགས་ཚར་གཅོད་གཏན་ཚིག་ཐིག་མདོ། གཞི་ཡེ་སངས་རྒྱས་པའི་རྒྱུད། དབལ་གསས་རྩོད་ཟློག་གི་རྒྱུད་སོགས་ཐེག་པ་ཆེན་པོ་གསང་བ་སྔགས་དང་རྫོགས་པ་ཆེན་པོ་གཉིས་ཀྱི་ཡན་ལག་ཏུ་གྱུར་པའི་ཚད་མ་རིག་པའི་རྣམ་བཞག་གནད་དོན་ཕུན་སུམ་ཚོགས་པ་ཡོད་པའི་ནང་ནས་ཚིག་དོན་རེ་ཞིག་གཤམ་དུ་ལུང་འདྲེན་ཞུ་རྒྱུ་ཡོད་པའོ།།             སྟོན་པའི་ཐེག་འགྲེལ་ལས། དོན་ལྔའི་རྣམ་པར་བཞག་པའི་ཚད་མ་ཡི།། གངས་ཏི་སེའི་བོན་གཞུང་རིག་མཛོད་དེབ་ཕྲེང་བཅུ་དགུ་པའི་ནང་གི་མན་ངག་ལུང་གི་ཚད་མའི་གཞུང་ཤོག་ཨང་/༣/ ཟབ་མོའི་ཆ་ཤས་བརྟག་དཀའ་བ།། ཚད་མས་གཏན་ལ་དབབ་པར་བྱ།། སྐྱེས་བུ་མི་བསླུ་མ་འཁྲུལ་པ།། མངོན་སུམ་པ་དང་རྗེས་སུ་དཔག། དེ་ཡིས་མ་འཁྲུལ་མི་བསླུ་བྱེད།།  ཡང་དེ་ཉིད་ལས། གལ་ཏེ་དེ་རྙེད་ཁྱོད་ཟེར་ན།། མངོན་སུམ་རྗེས་དཔག་གང་གིས་འགྲུབ།། སྟོང་པ་མངོན་སུམ་དེས་མི་འགྲུབ།། གལ་ཏེ་གྲུབ་ན་ཅི་ལྟ་བུ།། རྗེས་སུ་དཔག་ན་རྟགས་ཅི་ཡོད།། ཅེས་དང་། གངས་ཏི་སེ་དེབ་ཕྲེང་བཅུ་དགུ་པ་ཇི་བཞིན་ཉིད་ཀྱི་རྩོད་སྤང་སྨྲ་བའི་སེང་གེ་ཤོག་ཨང་(14)ལས། ལྷ་རབས་སྒོམ་གསུམ་ལ་སོགས་ཏེ།། འཁོར་འདུས་གཤེན་གྱི་ཚོགས་རྣམས་ཉོན།། ང་ཡིས་རྩོད་པའི་སྐྱོན་སྤང་འདི།། མེ་ལོང་དགུ་སྐོར་རྗེས་འབྲང་བཤད།། ཁྱེད་ཀྱིས་འདི་ཡི་མདོ་རྟོགས་ལ།། ཕྱིར་རྒོལ་རྩོད་པ་སུན་ཕྱུངས་ཤིག། ཅེས་གསུངས་པ་དང་། དེ་ཉིད་ཨང་(16)ལས། གཞན་ཡང་ཕྱིར་རྒོལ་བ་ན་རེ། ཁྱོད་ཀྱིས་འདོད་པའི་ཇི་བཞིན་ཉིད་དེ་བོན་ཅན། ཡང་དག་པར་མེད་དེ་སྒྲུབ་བྱེད་མེད་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་མ་གྲུབ་བོ་བྱའོ།། འོ་ན་ཁྱོད་ཀྱི་དེ་བཞིན་ཉིད་དེ་ཅིས་བསྒྲུབ་སྒྲུབ་བྱེད་ཐོངས་དང་ཞེ་ན། ང་ཡི་མངོན་སུམ་གྱིས་གྲུབ་ལ། རྗེས་དཔག་གིས་ཀྱང་གྲུབ། ཡང་དག་པའི་འབྲེལ་བ་ཡང་ཡོད་པའོ།། ཡང་དེ་ཉིད་ལས། ཡང་ན་རྣལ་འབྱོར་གྱི་མངོན་སུམ་སྐྱེས་པའི་ཤེས་པ་དེས་གཏན་ལ་འབབས་ཏེ་འགྲུབ་པའོ།། ང་ཡི་ཇི་བཞིན་པའི་བོན་ཉིད་དེ་བོན་ཅན། ཡང་དག་པར་ཡོད་པར་དམ་བཅའ། ལུང་དང་མན་ངག་ཁྱད་པར་ཅན་དམིགས་པའི་ཕྱིར་རོ།། དཔེར་ན་མེ་དང་དུ་བ་བཞིན་ནོ།། ཞེས་སོགས་གསུངས་སོ།། མུ་སྟེགས་ཚར་གཅོད་གཏན་ཚིག་ཐེག་མདོ་ལས་ཀྱང་། ཁྱོད་ཀྱིས་ཁས་བླངས་པའི་རྟགས་པ་དེ་བོན་ཅན། ཡང་དག་པའི་དངོས་པོ་མེད་དེ། དོན་བྱེད་ནུས་པ་མཐའ་དག་གི་སྟོང་བའི་ཕྱིར། དཔེར་ན་རི་བོང་གི་རྭ་བཞིན་ནོ།། ཞེས་གསུངས་སོ།། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གྲངས།  ༡༤༦ ཐེག་པ་ཆེན་པོ་མི་བརྗེད་གཟུངས་ལྡན་གྱི་ལེའུ། ཡེ་ཤེས་ལྷ་ཡི་རྒྱུན་ཚོགས་རྩོད་པ་བཟློག་པའི་འཁོར་ལོ་ཞེས་བྱ་བ་ཞེས་པའི་གཞུང་ཤོག་ཨང་(19)ལས། བདེན་གཉིས་གཞལ་བྱར་མི་འཇོག་ན།། འབེན་མེད་མདའ་ཉེ་འཇལ་བ་འདྲ།། བོན་དང་བྲལ་ཞེས་རྩོད་པ་ཟློག། ཚད་མ་དྲུག་གིས་མི་འཇལ་ན།། གྲི་མེད་གཡག་རོ་བཤའ་བ་འདྲ།། བྱེད་པ་མེད་ཅེས་རྩོད་པ་ཟློག།  འབྲེལ་བ་གསུམ་གྱིས་མ་མཚོན་ན།། རྟགས་མེད་རྨི་ལམ་བཟློས་པ་འདྲ།། གཏན་ཚིགས་བྲལ་གྱིས་རྩོད་པ་བཟློག།  ཞེས་གསུངས་སོ།།     སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་གྲངས་( 17)པ་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན།། ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས།། ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་།། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས།། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན།། ཞེས་གསུངས་པས་ཚུལ་གསུམ་བསྟན་པའོ།།  ཡང་བཀའ་ཚད་མ་ལ་གཞིར་བཅོལ་བའི་ཚད་མ་རིག་པའི་དགོངས་དོན་བཀའ་བརྟེན་རབ་དང་རིམ་པ་ཡོད་པ་མ་ཟད།  དེར་བརྟེན་གཡུང་དྲུང་བོན་གྱི་བསྟན་པ་འདི་རྟག་གཟིགས་བོན་གྱི་རྒྱལ་ཁམས་སོགས་གོ་ལའི་སྒང་སྲིབ་ཀུན་ལ་བཤད་སྒྲུབ་བསྟན་པའི་ཉི་འོད་ཕྱོགས་མཚམས་ཀུན་ལ་ཁྱབ་བདལ་བྱུང་བ་དང་། བཤད་པ་ཕྱི་ཡི་སྡེ་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པའི་བཀའ་གཞུང་ཉན་བཤད་ཀྱི་སྡེ་གཙོས་པའི་ཕྱི་ནང་གི་བོན་སྡེ་དུ་མར་ཉམས་བཞེས་གཏིང་ཚུགས་པའི་མཁས་གྲུབ་དཔྱོད་ལྡན་གཤོག་རླབས་ཅན་གྲངས་མེད་དུ་བྱོན་པའི་རྒྱལ་གཤེན་གང་གི་བསྟན་པའི་གཉེར་དཔོན་གདུང་ཚོབ་མུ་ཆོ་ལྡེམ་དྲུག་གི་ཞབས་ལ་གཏུགས་པའི་མང་ཐོས་ཡང་རྩེར་སོན་པ་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ཀྱིས་ཚད་མ་སྡེ་བདུན་སོགས་བཅུ་ཕྲག་རིག་པའི་གཞུང་ལ་ཉམས་ལོན་པར་མཛད་པ་དང་། སྤྱི་ལོའི་སྔོན་ལོ་ ༡༧༥༡ ལོར་སྐུ་འཁྲུངས་པའི་སྙ་ཆེན་ལི་ཤུ་སྟག་རིང་གིས་མཛད་པའི་རྫོགས་ཆེན་གལ་མདོ་རིག་པའི་ཚད་མ་དང་། འཛམ་གླིང་མཁས་པའི་རྒྱན་དྲུག་གི་སློབ་མ་མཁས་པ་མུ་བཞིའི་ནང་ཚན་མཁས་མཆོག་ཤ་རི་དབུ་ཆེན་གྱིས་མཛད་པའི་ཚིག་གི་ཆ་གཏན་ལ་འབེབས་པའི་བཀའ་རྟེན་ཤ་རིའི་སྒྲ་མདོ་དང་། དོན་གྱི་ཆ་གཙོ་བོར་གཏན་ལ་འབེབས་བྱེད་ནི། དེ་ཉིད་ཀྱིས་མཛད་པའི་རྫོགས་ཆེན་གྱི་ཚད་མ་སྟེ། གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་ཞེས་བྱ་བ་ལེའུ་བཅུ་བཞིའི་བདག་ཉིད་ཅན། ཡང་སྤྱི་ལོའི་སྔོན་༩༡༤ ལོར་སྐུ་འཁྲུངས་པའི་རྒྱུང་ཡར་བླ་ཆེན་དྲན་པས། རྒྱུད་ལུང་མན་ངག་ཀུན་བསྡུས་ཀྱི་བོན་ལེའུ་བརྒྱད་ཀྱི་བདག་ཉིད་བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་གསུངས། དུས་རབས་བདུན་པའི་ནང་བཞུགས་པའི་དག་པོ་དྲན་པས་རྫོགས་ཆེན་མེ་ལོང་བདུན་པ་གསུངས། སྤྱི་ལོ་༡༠༥༢ ཆུ་འབྲུག་ལོར་སྐུ་འཁྲུངས་པའི་བོན་གྱི་རྨེའུ་སྟོན་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱི་རྣམ་ཐར་སོགས་ལས་ཀྱང་གྲྭ་པ་རྣམས་ལ་ཚད་མ་རྣམ་འགྲེལ་གསུངས་ཞེས་གསལ་ཡང་དེ་ཉིད་གང་གི་འགྲེལ་ཡིན་མིན་གནས་སྐབས་གསལ་ཐག་མ་ཆོད་དོ།
ཚད་མ་ཀུན་བཏུས་སྟེང་དགོན་དཔར་མ་སློབ་དེབ་སེར་པོའི་དབུ་རུ་ཡོད་པའི་དྲན་པའི་རྣམ་འབྱེད་འཕྲུལ་སྡེ་ཤོག་ཨང་(2)ནང་གི བསྟན་ངག་མདོ་རྩ་ཉེར་བདུན་ནང་གི་གྲལ་དུ། རྩོད་དང་རྩོད་ཟློག་དཔང་པོ་གསུམ།། དམན་པ་མ་ཡིན་དྲང་མཁན་དགོས།། མཚན་ཉིད་རྣམ་དབྱེ་གཅིག་གཞན་གསུམ།། གཞལ་བྱ་འཇལ་བྱེད་ཀུན་ལ་དགོས།། ཁས་བླངས་གཏན་ཚིགས་མཐུན་དཔེ་གསུམ།། སྦྱོར་བ་འགོད་པའི་དུས་ན་དགོས།། དགག་དང་སྒྲུབ་དང་བསལ་བ་གསུམ།། སྦྱོར་བ་གཤིག་སྒྲུབ་དུས་ན་དགོས།། མཚོན་བྱ་མཚོད་བྱེད་མཚོན་ཚུལ་གསུམ།། རྗེས་དཔག་སྒྲུབ་པའི་དུས་ན་དགོས།། ཡང་དེ་ཉིདཨང་(4)་ལས། ཐེ་ཚོམ་བགྲོ་གླེང་རྩོད་པ་མཁས།། དམན་པའི་ཆ་བཟུང་འཕགས་པར་འགྱུར།། གཞན་སྨོད་སྙམ་ནས་ཕར་དྲིས་པས།། རྩོད་པར་ཁས་བླངས་ཡེངས་ལ་འཇོག། རྩོད་གཞི་མེད་པར་རྩོད་པ་བཟོ།། དྲི་སྐབས་མེད་པར་གལ་དུ་རྩོད།། བགྲོ་བར་ཁས་བླངས་རྩོད་སྐྱོན་འགེལ།།  དམ་བཅའ་ཉམས་པ་མི་སྤོང་ཞིང་།།  གཏན་ཚིགས་ཁྱབ་པར་རང་འདོད་གཏོར།། ལུང་རིགས་དཔེ་ལ་ཁྱུར་མྱིད་བྱེད།། དམ་དུ་བཅའ་པས་སྒྲུབ་བྱ་གཏོར།། ཞེས་དང་། ཡང་དེ་ཉིད་ཨང་( 5 ) ལས། མ་རྟོགས་ལོག་རྟོག་དུག་ལྔ་ལ།། སྣང་གསལ་འོད་ཆེན་འགྱེད་པར་འགྱུར།། ཐེ་ཚོམ་གེགས་སེལ་ཞུ་ལ་བརྩོན།། རྩོད་པས་ལོག་རྟོག་འཇོམ་པར་བྱེད།། རྩོད་དུས་ངག་འཇམ་གཟི་མདངས་ལྡན།། རང་དབང་མངོན་གྱུར་གཞན་དབང་གྲོལ།། དེ་ནི་སྨྲ་བའི་སེང་གེ་སྟེ།། ཞེས་གསུངས་པས་སོགས་ཀྱིས་བོན་རང་ལུགས་ཀྱི་གཞུང་ནང་དུ་ཡང་ཚད་མ་ལ་མངོན་རྗེས་གཉིས་དང་། རྗེས་དཔག་སྐྱེ་བྱེད་ཀྱི་རྟགས་དང་གསལ་བ་མཐུན་དཔེ་སྒྲུབ་བྱ་སོགས་ཆ་ཚང་བའི་རྟགས་སྦྱོར་གསལ་གྱིན་ཡོད་པ་དང་། རྒོལ་བ་ལ་ཡང་སྔ་རྒོལ་དང་ཕྱི་རྒོལ་དཔང་པོ་དང་།  དམ་བཅའ་བརྗོད་པ་དང་། སྒྲུབ་བྱེད་ཡང་དག་བརྗོད་པ་དང་། སྐྱོན་སྤང་བརྗོད་པ་དང་། རྩོད་པ་དང་རྩོད་སྤང་སོགས་ཀྱི་ཐ་སྙད་ཡང་རང་གཞུང་དུ་གསལ་གྱིན་འདུག་སྙམ།
རོང་སྟོན་ཚུལ་སེང་གིས་བསྐུར་ངོར་སྤྱི་ལོ་༡༡༩༨ ལོར་སྐུ་འཁྲུངས་པའི་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་དུ་གསུངས་སོ།། ཡང་དབྱིལ་སྟོན་ཁྱུང་རྒོད་ཀྱིས་བསྐུལ་བ་ལ་བརྟེན་ནས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་ཐེག་པ་གོང་འོག་རྣམ་པར་འབྱེད་གལ་མདོ་དྲི་མེད་གསལ་སྒྲོན་གསུངས་། དེ་རྗེས་རྗེ་རིན་པོ་ཆེ་ཡིས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྩ་འགྲེལ་གཉིས་དང་། ཚད་བསྡུས་ཤེས་བྱ་ཀུན་གསལ་དང་། རྒྱལ་ཚབ་རིན་རྒྱལ་གྱིས་མཛད་པའི་རིག་ལམ་ནོར་འཕྲེང་དང་། ཀུན་མཁྱེན་དང་སྤ་ཚང་འབྲུག་དང་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་དཔོན་སློབ་བསྟན་འཛིན་རྣམ་དག་སོགས་ཀྱིས་མཛད་པའི་བསྡུས་གྲྭ་དང་རྟགས་ཀྱི་རྣམ་བཤད་སོགས་ཚད་མ་རིག་པའི་གཞུང་ལུགས་དབྱར་གྱི་ཆར་ཆུ་བཞིན་འཕེལ་བ་ཡིན་ནོ།། 
༢ གཉིས་པ་ཚད་མ་དྲུག་གི་རྣམ་གྲངས་འཇོག་ཚུལ་སྐོར་གླེང་བ་ལ།
དོན་དངོས་ཚད་མ་དྲུག་གི་ངོ་གདོང་ཇི་བཞིན་རྟོགས་པ་ལ། ཚད་མ་དྲུག་གི་སྐོར་དེ་དཔེ་ཆ་ལེའུ་གང་གི་ནང་ལ་གསལ་མིན་བརྟག་རྒྱུ་གལ་ཆེའོ། ཚད་མ་ཀུན་བཏུས་ལེའུ་གཉིས་པ་དང་གསུམ་པ་བཞི་པ་ལྔ་པ་བཅས་ལ་རྟོགས་ཞིབ་མ་ཆུང་བ་ཞིག་ཐུབ་ན་ཚད་མ་དྲུག་པོ་གང་ཡིན་མིན་ངོས་འཛིན་ཐུབ་པར་ངེས་སོ།། གསུང་རབ་སྒོ་མཛོད་རིན་པོ་ཆེའི་དེབ་ཕྲེང་༡༤༦ གསང་འདུས་ཐིག་ལེ་བཀོད་པ་མི་བརྗེད་གཟུངས་དང་ལྡན་པའི་ལེའུ་ནང་དུ་གསལ་ཡོད་པ་དང་ ནང་རྒྱུད་ལས། ཚད་མ་དྲུག་གིས་མ་མཚོན་ན།། གྲི་མེད་གཡག་རོ་བཤའ་བ་འདྲ།།  ཞེས་གསུངས་པའི་ལུང་གི་ཁུངས་བཅོལ་སའི་དཔེ་ཆ་དེ་ནི།  ཀུན་བཏུས་ལེའུ་གཉིས་པའི་མཇུག་ཏུ་གསལ་བ་ལྟར། “གཞལ་བྱ་ཡུལ་ལ་འཇལ་བྱེད་ཤེས་པ་དང་།། ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན།། རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས།། དེ་དོན་ཉམས་སུ་མྱོངས་བས་བསྐྱེད་པར་འགྱུར།། “  ཞེས་གསུངས། ཚད་མ་ཀུན་བཏུས་ནང་ལ་ལུང་དྲངས་པ།  སྙན་རྒྱུད་ནམ་མཁའ་འཕྲུལ་མཛོད། ལོ་རྒྱུས་ཁོག་དབུབ་ཀྱི་ལྡེ་མིག སྒོ་མཛོད་ཡང་བཅུད་དེབ་ཕྲེང་༼༢༢༽པ་ཤོག་ངོས་༼༢༩༽ ཚད་མ་རྣམ་པ་གསུམ་གྱིས་གཏན་ལ་འབེབས་ཏེ། ལུང་ཚད་མ་ནི་སྟོན་པའི་བཀའ་རྒྱུད་ཀྱིས་གཏན་ལ་དབབ་བོ།། རིག་པ་ཚད་མ་ནི་མངོན་སུམ་དང་རྗེས་དཔག་གི་རྐྱ་བར་ནས་བཤར་བའོ་ཞེས་གསུངས་པ་དེས་རིག་པ་ཚད་མ་ནི་མངོན་རྗེས་གཉིས་ཀྱི་དབྱེ་གཞི་རུ་གྱུར་པའི་རིག་པ་ཚད་མ་ཙམ་ལ་འཇོག་དགོས་པར་སྙམ།   སྤྱིར་ཚད་མ་དྲུག་གི་རྣམ་གྲངས་འཇོག་ཚུལ་མི་འདྲ་བ་འགའ་ཙམ་སྣང་གིན་འདུག  ཁ་ཅིག་གིས་ཚད་མ་དྲུག་ཅེས་པ། རྒྱལ་བའི་བཀའ་ཚད་མ།  འཕགས་པའི་ལུང་ཚད་མ།  རང་རིག་ཚད་མ། མངོན་སུམ་ཚད་མ།  རྗེས་དཔག་ཚད་མ།   སྐྱེས་བུ་ཚད་མ་རྩིས་པས་དྲུག་ཏུ་བརྩི་བར་སྣང་། སྟོན་པའི་བཀའ་མན་ངག་ལུང་ཚད་མ་ལས་གསུངས་པའི། སྐྱེས་བུ་མི་བསླུ་མ་འཁྲུལ་བ།། མངོན་སུམ་པ་དང་རྗེས་སུ་དཔག།  ཅེས་གསུངས་པའི་ལུང་ལ་གཞིར་བཅོལ་མཁན་སྣང་།   ཁ་ཅིག་གི་ཡང་གཞན་གོང་ལྟར་འདྲ་ལ་སྐྱེས་བུ་ཚད་མ་དེའི་ཚབ་ཏུ་རང་རིག་ཚད་མ་དེ་གཅིག་ཏུ་བརྩི་ནས་ཚད་མ་དྲུག་གི་བརྩི་ཚུལ་གཞན་ཞིག་ཡོད་པར་མཐོང་།  ཁོ་བོས་ནི་གང་གི་ཚད་མ་ཀུན་བཏུས་ལེའུ་གཉིས་པའི་ནང་གི་ལུང་ཚིག་ལ་འབྲེལ་ཏེ།  གང་གི་ཚིག་རྐང་གཉིས་པའི་”ངེས་བྱ་བཀའ་” ཞེས་པས་གཞལ་བྱ་ཤིན་ལྐོག་མཇལ་བྱེད་ཀྱི་བཀའ་ཚད་མ་བསྟན་པ་དང་།  “དཔང་གྱུར་ལུང་གི་དོན།།”ཞེས་པས་ གཞལ་བྱ་ཤིན་ལྐོག་མཇལ་བྱེད་ཀྱི་ལུང་ཚད་མ་དང་”དོན་”ཞེས་པས་གཞལ་བྱ་ཟབ་མོ་གཏམ་གྱི་དོན་དམ་འཇལ་བྱེད་ཀྱི་རྣལ་འབྱོར་མངོན་སུམ་ཚད་མ་བསྟན་པ་དང་། “ “རིག་པ་” ཞེས་པས་མངོན་རྗེས་གཉིས་ཀྱི་དབྱེ་གཞིར་གྱུར་པའི་རིག་པ་ཚད་མ་ཙམ་བསྟན་པར་སྣང་། “མངོན་སུམ་”ཞེས་པས་གཞལ་བྱ་མངོན་གྱུར་འཇལ་བྱེད་ཀྱི་གཞན་རིག་མངོན་སུམ་ཚད་མ་བསྟན་པ་དང་།  “རྗེས་དཔག”ཅེས་པས་གཞལ་བྱ་ཅུང་ཟད་ལྐོག་གྱུར་མཇལ་བྱེད་ཀྱི་རྗེས་དཔག་ཚད་མ་བསྟན་པ་སོགས་ཚད་མ་དྲུག་གི་རྣམ་གྲངས་དེ་ལྟར་འཇོག་དགོས་པ་འདོད་ཚུལ་ཙམ་ཡིན་ནོ།།
༣ བཀའ་ཚད་མ་དང་འབྲེལ་བའི་བསམ་ཚུལ་ཐོར་བུ་གླེང་བ་ལ།
འགྲོ་མགོན་ཚད་མ་ཀུན་བཏུས། སྟེང་དགོན་དཔར་མ་ཨང་(77)ནང་དུ། ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་ཤིང་རིག་པའི་བསྟན་ངག་གིས་དབེན་པ་ནི་བཀའ་ཙམ་གྱི་མཚན་ཉིད།  དེ་གང་ཞིག་མི་བསླུ་རྟོགས་པའི་བོན་སུམ་ལྡན་ནི་བཀའ་ཚད་མའི་མཚན་ཉིད་དུ་གསུངས་སོ།། བཀའ་ཡི་མཚན་ཉིད་ཟུར་གྱི་རིག་པའི་བསྟན་ངག་གིས་དབེན་ཞེས་པའི་གོ་དོན། བཀའ་ཡིན་ན་སངས་རྒྱས་ཀྱི་སྐུ་ཡི་འདུལ་དུས་སུ་གསུངས་པའི་ངག་ཡིན་དགོས་པ་དང་།།  སངས་རྒྱས་ཀྱི་གསུང་གི་བསྟན་པའི་དུས་སུ་གསུངས་པའི་ངག་དང་། ཐུགས་ཀྱི་བསྟན་པའི་དུས་སུ་གསུངས་པའི་ངག་རྣམས་ཀྱིས་དབེན་དགོས་པ་བསྟན་པ་ཡིན།། གསུང་གི་འདུལ་དུས་དང་ཐུགས་ཀྱི་འདུལ་དུས་གསུངས་པའི་ངག་རྣམས་བརྟེན་པ་ལས་བཀའ་མ་ཡིན་ཞེས་གོ་དགོས་སོ།། འདི་ལ་བསྟན་ངག་དང་བསྟན་དག་གཉིས་འབྲི་སྲོལ་འདུག། གཉིས་པ་ལྟར་ན་བཀའ་ཡིན་ན་གསུང་དང་ཐུགས་ཀྱིས་འདུལ་དུས་སུ་གསུངས་པའི་བསྟན་པ་དེ་དག་གིས་དབེན་པ་ལ་གོ།།  མདོར་ན་བཀའ་ཡིན་ན་སངས་རྒྱས་ཀྱི་སྐུའི་འདུལ་དུས་སུ་གསུངས་པ་དང་། དེ་ལ་མ་བཅོས་མ་སླད་པ་ཞིག་དགོས་པ་བོན་གྱི་སྤྱན་ལྡན་ཆེན་པོའི་དགོངས་པ་ཡིན།།   བཀའ་ཚད་མ་ལ་དངོས་རྟོགས་དང་ཤུགས་རྟོགས་གཉིས་ཡོད་པ་དེ་ཚད་མ་ཀུན་བཏུས་ཀྱི་དགོངས་བཞེད་ཡིན་པས། ཁ་ཅིག་གིས་དེ་ལ་གཞིར་བཟུང་ནས་བཀའ་ལ་བརྟེན་ནས་བཀའ་ཡི་བརྗོད་དོན་དངོས་སུ་རྟོགས་པའི་གང་ཟག་རྒྱུད་ཀྱི་བློ་དེ་བཀའ་ཚད་མའི་དངོས་རྟོགས་དང་། དེའི་བརྗོད་དོན་ཤུགས་ལས་རྟོགས་པའི་བློ་དེ་བཀའ་ཚད་མའི་ཤུགས་རྟོགས་ཟེར་ནས་དམ་བཅའ་མཁན་ཡོད་སྲིད་ཀྱང་། སྔོན་མ་ཁོ་བོའི་བསམ་ཚུལ་ལ་བཀའ་ཚད་མ་ཡིན་ན་བཀའ་ཡིན་པས་ཁྱབ་དགོས་པར་སྙམ་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན།  ཚད་མ་ཀུན་བཏུས་སྟེང་དགོན་དཔར་མ་ཤོག་ཨང་(35  ལས་མུ་སྟེགས་རིགས་ཅན་པས་འདོད་པའི་མ་རྟོགས་དོན་གསལ་ཙམ་ཚད་མའི་མཚན་ཉིད་འདོད་པ་དང་། སྡེ་འཛིན་ཁ་ཅིག་གིས། བདེན་པའི་དོན་རྟོགས་སུམ་ལྡན་ཚད་མའི་མཚན་ཉིད་དུ་འདོད་པ་དགག་པའི་སྐབས་སུ།  དང་པོ་ཁྱོད་ཀྱི་དེ་བཅད་ཤེས་ལ་ཡང་ཡོད་ལ། རྟོག་མེད་འཁྲུལ་པ་འགའ་ཞིག་ཚད་མར་འགྱུར་ཏེ་ཁོ་རང་གི་དོན་གསལ་བ་ཙམ་ཡོད་པས་སོ།། ཞེས་གསུངས། དེ་ཉིད་ཤོག་ཨང་(36)ལས། གསུམ་པ་ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ལ་འཇུག་པ་ཚད་མ་ཡིན་ན། ཐེ་ཚོམ་དང་སྣང་ལ་མ་ངེས་པ་དང་ཡིད་དཔྱོད་ཀྱང་ཚད་མར་འགྱུར་བ་ལས་བསལ་ལོ།། བཀའ་ཚད་མ་དང་ལུང་ཚད་མ་ཡང་ཚད་མིན་དུ་འགྱུར་བ་ལས། བཀའ་ལུང་རིག་པའི་ཚད་མ་ཡང་།། ཞེས་པས་བསལ་ལོ། ཞེས་གསུངས་པ་ལ་བརྟག་ནས་སྔོན་མ་ཁོ་བོས་བཀའ་ཚད་མ་དང་ལུང་ཚད་མ་གང་རུང་ཡིན་ན་བཀའ་ལུང་གང་རུང་ཡིན་དགོས་པ་དངོས་སུ་བསྟན་པར་བཤད་མྱོངས་ཡོད། དེང་ཆར་ཚད་མ་ཀུན་བཏུས་ཀྱི་ལེའུ་གཉིས་པ་དང་གསུམ་པ་སོགས་ལ་བསམ་བློ་ཞིབ་ཏུ་བཀོལ་དུས།   སྔར་རང་གི་གོ་བ་དང་མ་མཐུན་པའི་ད་ཐེངས་བསམ་ཚུལ་འགའ་ཞིག་ཁོ་བོས་སྣང་གིན་འདུག་ལ།  རིག་པ་ཚད་མ་དང་བཀའ་ལུང་ཚད་མ་གཉིས་པོས་གཏན་ལ་འབབ་བྱའི་གཞལ་བྱ་ཡང་ཅུང་ཟད་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གཉིས་པོ་དབབ་དགོས་པ་ལུང་གིས་གསལ་འདུག ཚད་མ་ཀུན་བཏུས་ལེའུ་གཉིས་པ།  སྟེང་དགོན་དཔར་མ་ཤོག་ཨང་(47)ནང་དུ་ལ་རྒྱབ་ཀྱི་མེ་ལ་སོགས་དང་འདུས་བྱས་མི་རྟག་པ་ལ་སོགས་དང་། ཕྱི་ཡི་རྟགས་ལ་བརྟེན་ནས་རང་རྒྱུད་སྒྲུབ་པ་ལ་སོགས་པ་ནི་རྗེས་དཔག་གི་གཞལ་བྱར་འགྱུར་ཏེ་ལྐོག་གྱུར་ཡིན་པས་སོ།།    བོན་ཉིད་སྤྲོས་བྲལ་དང་། ཡེ་ཤེས་འགག་མེད་དང་། ལམ་གྱི་རྟོགས་པ་དང་། བགྲོད་ཚུལ་རིམ་པ་ལ་སོགས་དང་། སེམས་ཉིད་ཀུན་གཞི་སྐྱེ་བཞི་འགྲོ་དྲུག་གི་བརྒྱུད་ཚུལ་ལ་སོགས་པ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པས། ལུང་ཚད་མ་དང་བཀའ་ཚད་མས་གཏན་ལ་འབེབས་སོ།། ཞེས་གསུངས་པས་སོ།།།
ཁོ་བོས་བཀའ་ལུང་ཚད་མ་གཉིས་པོར་བཀའ་དང་ལུང་ཁོ་ནས་ཁྱབ་པ་ཡོད་ས་མ་རེད་བསམ་པའི་དོགས་གཞི་ཞིག་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་བྱུང་། རྒྱུ་མཚན་དང་པོ་ནི།  གང་དུ་སྡེ་འཛིན་ཁ་ཅིག་གིས་འདོད་པའི་བདེན་པའི་དོན་རྟོགས་སུམ་ལྡན་ལས་ཟུར་ཕྱིར་མའི་དགག་པ་”ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ལ་འཇུག་པ་ཚད་མ་ཡིན་ན་”བཀའ་ཚད་མ་དང་ལུང་ཚད་མ་ཡང་ཚད་མིན་དུ་འགྱུར་བ་ལས། བཀའ་ལུང་རིག་པའི་ཚད་མ་ཡང་།། ཞེས་པའི་བསལ་ལོ།། ཞེས་པ་དེ་ཡང་བཀའ་ཚད་མ་དང་ལུང་ཚད་མས་རྟོགས་བྱར་གྱུར་པ་ལ་གཞལ་བྱ་ཤིན་ལྐོག་གིས་ཁྱབ་པ་ཡོད་པས།  དེ་གཉིས་ཀྱི་གཞལ་བྱ་ཡིན་ན་ཤེས་བྱ་ཡུལ་གཉིས་དོན་གཅིག་ཏུ་འདོད་པའི་ཡུལ་ལ་མི་འཇུག་པ་བསྟན་འདུག་བསམ་པའི་དོགས་གཞི་གཅིག་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན།  ཁ་ཅིག་གིས་བདེན་པའི་དོན་རྟོགས་སུམ་ལྡན་ཚད་མའི་མཚན་ཉིད་འདོད་སྐབས་སུ།  བདེན་པ་ལ་དབྱིངས་ཉིད་དང་། དཔྱད་བཟོད་དང་། དངོས་པ་དང་། གནོད་མེད་བཞི་ལས། གནོད་མེད་ལ་བྱེད་ལ། དོན་ལ་གཟུང་ཡུལ་དང་། འབྲས་བུ་དང་། ཤེས་བྱ་གསུམ་ལས་ཤེས་བྱ་ལ་བྱེད་པས།  ཤེས་བྱ་གནོད་མེད་དུ་རྟོགས་པ་ལ་བདེན་པའི་དོན་རྟོགས་སུ་བྱེད་དོ་ཞེས་གསུངས་པས།   གང་དུ་ཁ་ཅིག་གིས་བཀའ་ལུང་ཚད་མ་གཉིས་པོ་ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ལ་འཇུག་པ་མ་ཡིན་ཟེར་བ་དེ་ཡང་ཤེས་བྱ་ཡུལ་གཉིས་དོན་གཅིག་གི་ཁྱད་པར་བྱས་པའི་ཡུལ་ལ་མི་འཇུག་པའི་དོན་ཡིན་འགྲོ་བསམ་ཡོད།
རྒྱུ་མཚན་གཉིས་པ།   ཚད་མ་ཀུན་བཏུས་ལེའུ་གསུམ་པ། སྟེང་དགོན་དཔར་ཤོག་ཨང་(76)ཚད་མ་སོ་སོའི་དོན་བཤད་སྐབས་སུ། ཐུན་མོང་གི་རབ་ཏུ་དབྱེ་བ་དང་། དབྱེ་བ་སོ་སོའི་དོན་གཉིས་ལས།  དང་པོ་ལ་ལྔ་ལས། དབྱེ་གཞི་ནི་འཇལ་བྱེད་ཀྱི་ཤེས་པ་སྟེ། དེ་ཡང་དག་པ་ཚད་མིན་གྱིས་དབེན་པའོ།། ངོ་བོ་ནི་གསུམ་སྟེ། བཀའ་ཚད་མ་དང་། ལུང་ཚད་མ་དང་།  རིག་པ་ཚད་མའོ།། རྒྱུ་མཚན་ནི། གཞལ་བྱ་ཤིན་ཏུ་ལྐོག་ཏུ་གྱུར་མ་གྱུར་གཉིས་ལ་ལྟོས་ནས། དང་པོ་འཇལ་བ་ལ།  ཙམ་ལྡོག་སྟོན་པ་དང་།  ལེགས་པར་གཏན་ལ་དབབ་པ་གཉིས་ལ་ལྟོས་ནས། རིམ་པ་ལྟར་བཀའ་ཚད་མ་དང་ལུང་ཚད་མ་གཉིས་སུ་འགྱུར་ལ། གཉིས་པ་ལ། མངོན་དུ་གྱུར་མ་གྱུར་གཉིས་ལ་ལྟོས་ནས། དང་པོ་མངོན་སུམ་ཚད་མ་ལ།  གཉིས་པ་ལ་རྗེས་དཔག་ཚད་མའོ།། ཞེས་གསུངས་པ་ལ་བརྟགས་དུས། དང་པོ་དབྱེ་གཞི་ཚད་མིན་གྱི་དབེན་པས་འཇལ་བྱེད་ཤེས་པ་ལ།  དབྱེ་ངོ་གཞལ་བྱ་ཤིན་ལྐོག་གྱུར་མ་གྱུར་གཉིས་ལ་ལྟོས་པའི་དང་པོ་ལ་བཀའ་ལུང་ཚད་མ་དང་། གཉིས་པ་ལ་རིག་པ་ཚད་མ་བསྟན་ཡོད་པས། བཀའ་ལུང་ཚད་མ་གང་རུང་ཡིན་ན་འཇལ་བྱེད་ཀྱི་ཤེས་པ་ཞིག་དགོས་པར་དངོས་སུ་བསྟན་འདུག་སྙམ་པ་བྱུང་བ་དང་།    
རྒྱུ་མཚན་གསུམ་པ། ཚད་མ་ཀུན་བཏུས་སྟེང་དགོན་དཔར་མ་ཤོག་ཨང་(79)ནང་དུ་བཀའ་དེ་ཚད་མ་ཡིན་མིན་རྩོད་པ་སྤང་བ་ལ། བཀའ་དེ་ཚད་མ་ཡིན་ནམ་མིན། དང་པོ་ལྟར་ན་མངོན་གྱུར་ལ་སྒྲོ་འདོགས་གཅོད་པ་ཡོད་པ་ཐལ་ལ། གཉིས་པ་ལྟར་ན། ཚད་མར་གསུངས་པ་དང་འགལ་ཞེ་ན།  གཞན་ལུགས་ཁ་ཅིག་གིས། ཚད་མ་མ་ཡིན་ཏེ་བདེན་པའི་དོན་རྟོགས་སུམ་ལྡན་མེད་པའི་ཕྱིར་དང་། མངོན་ལྐོག་གཏན་ལ་མི་འབབ་པའི་ཕྱིར་དང་། ཕྱི་རོལ་པས་ཡང་དག་མི་འཛིན་པའི་ཕྱིར་རོ་ཟེར་བ་ནི་མ་ཡིན་ཏེ། བཀའ་ཚད་མ་དེ་ཚད་མ་མ་ཡིན་པ་སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད།། ཅེས་གསུངས་ཡོད་པས། གཉིས་པ་གནོད་བྱེད་ཡོད་དེ། མན་ངག་ལུང་ཚད་མ་ལས། བཀའ་ལུང་རིག་པའི་ཚད་མ་ཡིས།། ཞེས་དང་། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན།། ཞེས་པ་སོགས་གསུངས་པ་དང་འགལ་ལོ།། རིག་པས་ཀྱང་བཀའ་དེས་དོན་ལ་སྒྲོ་འདོགས་གཅོད་བྱེད་མེད་པར་ཐལ་བ་དང་། བློ་འཁྲུལ་མེད་ཀྱི་རྟོགས་པ་མ་ཡིན་པར་ཐལ་བ་དང་། ཡུལ་ཡང་དག་ཏུ་གནས་པར་མ་ཡིན་པར་འགྱུར་བ་ལས་བསལ་ལོ།། ཞེས་གསུངས་པ་དང་།  གཉིས་པ་རང་ལུགས་ནི། ཚད་མ་ཡིན་ཏེ་ཚད་མའི་མཚན་ཉིད་དེ་རྣམས་ཡོད་ལ་གཞལ་བྱ་འཇལ་བའི་ཕྱིར་རོ།། ཞེས་གསུངས་པ་དང་།

རྒྱུ་མཚན་བཞི་པ།  ཡང་ཚད་མ་ཀུན་བཏུས་ལེའུ་བདུན་པ་སྟེང་དགོན་དཔར་མ་ཤོག་ཨང་(226) བློ་དེ་དག་གི་བསྡུ་བ་བསམ་པའི་སྐབས་སུ། བློ་བདུན་པོ་དེ་སྔར་གྱི་བློ་གསུམ་པོ་དེར་འདུས་ཏེ། ཡིད་དཔྱོད། ཐེ་ཚོམ། རྟོག་པ་དཔྱད་ཤེས། རྗེས་དཔག  ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ལྔ་ནི་རྟོག་པར་འདུས་ལ། མངོན་སུམ་ཚད་མ་དང་། སྣང་ལ་མ་ངེས་པ་དང་། རྟོག་མེད་བཅད་ཤེས་གསུམ་རྟོག་བྲལ་མ་འཁྲུལ་བར་འདུས་ལ། བཀའ་ཚད་མ་དང་ལུང་ཚད་མ་གཉིས་དེ་གཉིས་ཀར་འདུས་སོ།། གཟུང་དོན་ལ་འཁྲུལ་པའི་ལོག་ཤེས་དང་། དོན་ལ་མ་ངེས་པ་གཉིས་ནི་རྟོག་མེད་འཁྲུལ་པའི་ལོག་ཤེས་སུ་འདུས་སོ།། ཞེས་གསུངས་པ་དང་།
རྒྱུ་མཚན་ལྔ་པ། མི་བསླུ་རྟོགས་པའི་བོན་སུམ་ལྡན་དང་། མི་བསླུ་རྟོགས་པའི་བོན་གསུམ་ཡིན་པ་གཉིས་ལ་ཅུང་ཙམ་ཁྱད་པར་ཡོད་སྙམ།  ཁམས་ཆེན་སྟོང་ཕྲག་བརྒྱ་པ་དེ་མི་བསླུ་རྟོགས་པའི་བོན་སུམ་ལྡན་ཡིན་ལ་བོན་གསུམ་མིན། ཁམས་ཆེན་སྟོང་ཕྲག་བརྒྱ་པ་ལྟ་བུ་བཀའ་ལུང་ཚད་མའི་གཞུང་དེ་ཚོ་མི་བསླུ་རྟོགས་པའི་བོན་སུམ་ལྡན་ཚུལ་ཡོད་པར་སྙམ།   དང་པོ་ལྡན་ཚུལ།  ཡུལ་གྱི་ཁྱད་པར་ཡང་དག་ཉིད་དུ་གནས་པ་ཡང་ཡིན་ཏེ། ཚད་མ་ཀུན་བཏུས་ལེའུ་གཉིས་པ་ཤོག་ཨང་(43)ནང་དུ་བཀའ་དང་ལུང་ཚད་མའི་ཡུལ་ཤིན་ཏུ་ལྐོག་གྱུར་ཡིན་པར། ཤིན་ཏུ་ལྐོག་གྱུར་བོན་ཅན། ཡུལ་ཡང་དག་ཡིན་ཏེ། ལུང་ཕན་ཚུན་ནང་འགལ་མེད་པའི་ཕྱིར་རོ།།    ཞེས་པའི་ལུང་གིས་གསལ་བར་སྙམ། 

ཟུར་གཉིས་པ་ལྡན་ཚུལ་ཡོད། བློ་རང་གི་ངོ་བོ་འཁྲུལ་མེད་ཀྱི་ཤེས་རབ་ཞེས་པས་བློ་ཡིན་ཨེ་དགོས་ཟེར་ན་མི་དགོས་སྙམ། བཀའ་ལུང་ཚད་མ་རྣམས་ཐམས་ཅད་མཁྱེན་པའི་བདག་རྐྱེན་གྱི་བྱིན་རླབས་ཁྱད་པར་ཅན་གྱིས་ཟིན་ཡོད་པས། དེས་གཏན་ལ་དབབ་བྱ་རྟོགས་པའི་བློ་འཁྲུལ་མེད་ཀྱི་ཤེས་རབ་ལ་འཁྲུལ་ཤེས་སོགས་ཀྱིས་གནོད་པ་མེད་པས་སོ།། བཀའ་ལུང་ཚད་མ་གཞུང་གིས་གཞལ་བྱ་ཤིན་ལྐོག་གིས་རིགས་རྣམས་གཏན་ལ་དབབ་ནས་གཞལ་བྱ་ཤིན་ལྐོག་རྟོགས་བྱེད་ཀྱི་ཤེས་རབ་ཡོད་པ་ལུང་གིས་གྲུབ་སྟེ། ཀུན་བཏུས་ཚད་མ་སྟེང་དགོན་དཔར་མ་དེ་ཉིད་ཤོག་ཨང་ (43)ལས། ཤེས་རབ་ཀྱང་ཤིན་ཏུ་ལྐོག་གྱུར་གཏན་ལ་འབབ་པས་འགྲུབ་སྟེ།  དེ་ལྟར་མ་ཡིན་ན་བདག་ལྟ་དང་རྨོངས་པས་གཏན་ལ་མི་ཕེབས་སོ།། ཞེས་གསུངས་པར་བརྟགས་ན་ཧ་གོ་བར་སྙམ།  ཟུར་གསུམ་པ་ལྡན་ཚུལ་ཡོད་དེ། ཚད་མ་ཀུན་བཏུས་སྟེང་དགོན་དཔར་མ་ཤོག་ཨང་  (43)ལས། བྱེད་ལས་སྒྲོ་འདོགས་གཅོད་བྱེད་ནི། དེ་མྱོང་གིས་གྲུབ་སྟེ། མ་ཆོད་ན་ཚད་མ་མི་འགྱུར་བས་སོ། དེ་ཡང་བློ་འཁྲུལ་མེད་ཀྱིས་གྲུབ་སྟེ། དེ་ལྟར་མ་ཡིན་ན་སྒྲོ་འདོགས་མི་ཆོད་པའི་ཕྱིར་རོ།།  བྱེད་པ་ནི་བློ་ལ་ལྟོས་ནས་གྲུབ་པ་ཡིན་ལ། ཡུལ་ལ་ལྟོས་ནས་གྲུབ་པས་ཡིན་ཏེ། མཚན་གཞི་ལ་ཇི་ལྟར་བཀོད་པ་བཞིན་ཏུ་གྲུབ་པས་སོ།།  ཞེས་གསུངས་པ་སོགས་ལ་གཞིར་བཅོལ་དུས་ཁམས་ཆེན་སྟོང་ཕྲག་བརྒྱ་པ་སོགས་བཀའ་ལུང་ཚད་མའི་གཞུང་དེ་ཚོ་མི་བསླུ་སུམ་ལྡན་ཡིན་པར་གྲུབ་འདུག་སྙམ་པ་སོགས་ལུང་གོང་འོག་མང་པོའི་གོ་དོན་ལ་ཁོ་བོས་དཔྱད་པ་བྱས་དུས་བཀའ་ལུང་ཚད་མའི་སྐོར་ནས་ཁོ་བོར་བསམ་ཚུལ་འགའ་ཞིག་བྱུང་བ་འདིར་དོགས་འདྲིའི་ཚུལ་དུ་བཀོད་པ་ལས་དཔྱད་པ་རྫོགས་པའི་གཏམ་ཞིག་ཁྱོན་ནས་མིན་པས། འདི་ཚོའི་སྐོར་ནས་ལུང་རིགས་ཀྱིས་དགག་རྒྱག་དང་རྩོད་གླེང་མི་ཉུང་བར་མཛད་པའི་རེ་སྨོན་ཞུ་བ་ལགས་སོ།།། སྤྱི་ལོ་༢༠༢༠ ཟླ ༤ ཚེས་ ༢༣ འཛམ་གླིང་དཔེ་ཀློག་དུས་ཆེན་ཉིན་མོར་མཇུག་བསྐྱངས་པའོ།།

གང་གི་དཔྱད་རྩོམ་འདི་ཡི་དཔྱད་གཞིའི་ཡིག་ཆ།
མ་རྒྱུད་སངས་རྒྱས་རྒྱུད་གསུམ།
སྒོ་མཛོད་ཡང་བཅུད་དེབ་ཕྲེང་། <17><18> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
སྤྱི་རྒྱུད་ཡེ་ཁྲི་མཐའ་སེལ་གྱི་གཞུང་།
ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་སྤྱི་ཡི་དེབ་ཕྲེང་།<20>པ།
མན་ངག་ལུང་གི་ཚད་མའི་གཞུང་།
བོན་གཞུང་རིག་མཛོད་དེབ་ཕྲེང་། <19> མི་རིགས་དཔེ་སྐྲུན་ཁང་།
ཇི་བཞིན་ཉིད་ཀྱི་རྩོད་སྤོང་སྨྲ་བའི་སེང་གེའི་གཞུང་།
བོན་གཞུང་རིག་མཛོད་དེབ་ཕྲེང་། <19> མི་རིགས་དཔེ་སྐྲུན་ཁང་།
མུ་སྟེགས་ཚར་གཅོད་གཏན་ཚིག་ཐེག་པའི་མདོ་རྒྱུད།
བོན་གཞུང་རིག་མཛོད་དེབ་ཕྲེང་། <19> མི་རིགས་དཔེ་སྐྲུན་ཁང་།
གསང་འདུས་ཐིག་ལེ་བཀོད་པ་མི་བརྗེད་གཟུངས་ལྡན་གྱི་ལེའུ་ཡེ་ཤེས་ལྷ་ཡི་རྒྱུན་ཚོགས་རྩོད་པ་བཟློག་པའི་འཁོར་ལོ་ཞེས་པ།
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་ཕྲེང་། <146> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
སྟོན་པའི་ཐེག་འགྲེལ།
བོན་གཞུང་རིག་མཛོད་དེབ་ཕྲེང་། <8> མི་རིགས་དཔེ་སྐྲུན་ཁང་།
སྙན་རྒྱུད་ནམ་མཁའ་འཕྲུལ་མཛོད།
སྒོ་མཛོད་ཡང་བཅུད་དེབ་ཕྲེང་<22> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
མཛད་མདོ་འབྲིང་པོ།
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་ཕྲེང་<26>ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
རྣམ་འབྱེད་འཕྲུལ་ལྡེའི་གཞུང་དང་འགྲོ་མགོན་ཚད་མ་ཀུན་བཏུས་བཅས།
སྟེང་དགོན་ནས་དཔར་བའི་སློབ་དེབ་སེར་པོ་དེབ་ཕྲེང་།<8> བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.