ཁ་བའི་གཞུང་གི་གུར་གུམ་མེ་ཏོག་ཆུན་པོ།
ཁྱུང་བསོད་བློ།
སེམས་ཀྱི་གུར་གུམ་ཆུན་པོའི་པད་སྡོང་སྟེང་དུ།།
ལམ་གྱི་ཤེས་རབ་སྒྲོན་མེ་འབྲལ་མེད་སྒོམ་ཡོད།།
དྲིན་གྱི་གཅེས་སྐྱོང་དམར་མོ་དྲན་ཐེངས་རེ་རེས།།
བདག་སེམས་ཁྱོད་ཀྱི་པང་ལ་ཡང་ཡང་ཁེན་འདོད།།
ལྷོད་བབས་གཉོམ་ཚུགས་ཅན་དུ་ཞི་བར་འཛུམ་ནས།།
དུང་ཞེན་སྨྲ་སྒོ་རེ་རེའི་ཚིག་གི་རོལ་ཆ།།
ཞེ་མཐུན་ཡིད་ཀྱི་ཁུད་ལ་སིབ་པར་སྤྲིང་དུས།།
འབྲེལ་འདྲིས་མཚོ་ལས་ཟབ་པའི་བག་ཆགས་སད་བྱུང་།།
རྐང་རྗེས་ཉིན་སྲིབ་བགོམ་པའི་རི་གྲོང་ཞིག་ལ།།
མདུན་མའི་སྐྱ་ཡ་ཆད་པའི་སྐྱེ་བ་བླངས་དུས།།
འཁངས་ར་ཁག་དཀྲི་བྱེད་ལ་བདག་དབང་སྐམ་པས།།
ལང་ཚོའི་གཉོམ་ལག་བརྐྱང་པའི་རྒྱས་སྤྲོས་གར་ཡོད།།
རིགས་རུས་ཆོ་ལོ་ཐོགས་པའི་མགོ་རྣ་རློན་པ།།
ཉེས་ཅན་སྙིང་རྗེ་སྐམ་པོས་ཁྲོམ་ལ་བཏབ་ན།།
མྱི་ཁའི་ལྷགས་རླུང་རྩུབ་པོས་གསེད་པར་དོགས་ནས།།
མྱུར་མགྱོགས་སྒོ་གསུམ་རྩ་ལག་འགུལ་འཁྱུག་མ་ཕོད།།
ངོ་མཚར་སྐྱེ་འབྲས་སྟོང་གི་དབྱར་གཞུང་སྒེག་མོའི།།
དུང་ཞེན་ལས་ཀྱི་མེ་ཏོག་འཛུམ་ཁ་གྲོལ་ནས།།
བག་ཆགས་ཟད་མཐའ་མེད་པའི་གཙང་པོ་བཤུམ་དུས།།
གཤོག་ཡ་མེད་པའི་རྐང་དྲུག་དྲན་མེད་བརྒྱལ་གྲབས།།
གསོན་པོ་ནག་ཉེས་སྒོམ་ནས་ཟུར་མིག་མ་འཕངས།།
ཤི་བོ་གཙུག་ཏུ་བཀུར་བའི་སྐྱོ་གར་འཁྲབ་པས།།
དཀར་མདངས་ཞེ་ལ་ཐོགས་པའི་བག་ཆགས་ལྡང་ན།།
གསོན་ཀྱང་རྣམ་ཤེས་མེད་པའི་ཤི་བོ་ཆགས་དོགས།།
དཔྲལ་བའི་མེ་ལོང་སྒང་ནས་བསྟུད་མར་བབས་པའི།།
ཚོར་བ་མངར་མོའི་དྲོད་ཀྱི་ཟིལ་ཐིགས་ཡིན་ན།།
མདངས་ལེགས་དྲི་མཛེས་ཁུད་ཀྱི་ཟར་བུ་འདབ་མའི།།
རྐང་དྲུག་འཕུར་ལྡིང་བསྐྱོད་ས་ཁྱོད་ཉིད་ཡིན་འགྲོ།
དབྱར་ཟླ་དྲུག་པའི་སྤྲིན་དཀར་མལ་ནས་ལྡང་སྟེ།།
འཕྱང་འཕྲུལ་དར་གྱི་ཤམ་བུ་མིག་ངོར་བསྟར་ནས།།
རྩྭ་ལྗང་མཆོག་མའི་ཟིལ་ཐིགས་ཡིད་ལ་བབས་དུས།།
ཁྱེད་ཉིད་སྤང་གཤོང་གན་གྱི་མེ་ཏོག་བྱས་མྱོངས།།
ལང་ཚོ་མོག་པའི་སྡོང་པོ་ཁེར་ལུས་རྒྱག་སྟེ།།
བྱེ་ཐང་འགྲམ་གྱི་རྩྭ་སྐྱས་ཤུགས་གླུ་འཐེན་པའི།
ཕྱུག་དབུལ་སྲོག་ལྡན་སུ་ལ་བརླིང་པོ་མེད་དུས།།
དགུན་གཞུང་སྲ་ཞིང་བརྟན་པའི་གྲུ་འཛིན་ཁྱོད་ཡིན།།
པད་དཀར་ལང་ཚོའི་ཟླ་གཞོན་མཁའ་ནས་འཛུམས་ལ།།
ཀོར་ཀོར་ཉི་མའི་འོད་རླབས་རབ་ཏུ་འཚེར་ཡང་།།
སྣང་བརྙན་མག་མོག་སད་པའི་སྟོན་མཇུག་ཚེས་དུས།།
ཉམས་ཀྱི་གསོན་ཤུགས་རྒྱས་པའི་ཤོམ་ར་ཁྱོད་ཡིན།།
དགུང་གི་མཚམས་སྤྲིན་གཤག་ལ་གཤོག་པ་ཐོགས་ནས།།
སྙན་འཇེབ་དབྱངས་ཀྱི་གྲབས་གཤམ་མོན་ནས་གཟབ་དུས།།
མ་ལོ་གངས་ཆབ་ཟེགས་མའི་བདུད་རྩི་འཇོ་མཁན།།
གྲེ་འགྱུར་གཡུ་ལོ་ཁུ་བྱུག་ཁྱེད་ཉིད་བྱོས་ཤོག།
ཐག་ཆོད་རང་གིས་ཐུབ་པའི་ན་ཚོད་མ་རྒྱས།།
ཡོད་ཚད་མི་ལ་དྲིས་པས་ལོ་རྒྱུས་མང་སྟབས།།
ཞེ་འདོད་སྐམ་གྱིས་མནར་བའི་ཚ་གདུང་ཆེ་ཡང་།།
འཕྲལ་ཕུགས་ལས་ཀྱི་ཁུར་པོ་འགེལ་ས་མེད་ཚོད།།
ཇི་བཞིན་ཆོས་ཀྱི་སྙིང་པོ་བསྐལ་དོན་སོང་ན།།
དགེ་མེད་གཟབ་འཆོས་རྐྱལ་སྟོང་གནམ་ལ་ཕྱར་ནས།།
ཕྱི་ཚུལ་ཞི་ཚུགས་སྒམ་པོ་ཇི་ཙམ་མཁས་ཀྱང་།།
བདག་གཞན་གཉིས་དོན་འགྲུབ་པའི་ཚད་དུ་མི་སླེབས།།
༢༠༢༠/༡༠/༥/ཉིན་གྱི་དགོང་མོར་བྲིས།