གཤེན་གྱི་མཛད་ཆེན་བཅུ་གཉིས་ལ་བསྔགས་པའི་དུང་བརྗོད་གསེར་གྱི་ཚོམ་བུ།
ཁྱུང་བསོད་བློ།
༡
༧ ཆིག་ཁྲི་བརྒྱད་སྟོང་ཡར་ཟླའི་དགུང་དུ་དམུ་རྒྱལ་ཐེམ་པའི་གཡུང་དྲུང་ཁར།།
རྒྱལ་བོན་ཐོད་དཀར་རྒྱལ་སྲས་མེ་ཏོག་རྒྱལ་བཞད་མ་ཡི་མཆན་ནས་འཁྲུངས།།
ཤིང་བྱི་རྒྱལ་ཟླའི་བཅོ་ལྔའི་ཚེས་ལ་ངོ་མཚར་ལྟས་ཀྱི་མཚན་དཔེར་བཞད།།
གཙང་མ་ལྷ་དང་རླབས་ཆེན་ཀླུ་ཡིས་དར་དཀར་སྐུ་ལྕིབས་དག་ཁྲུས་གསོལ།།
མཁའ་སྤྱོད་ཚོགས་གྲལ་བསྟན་འགྲོར་གཟིཌ་ཏེ་གཟིཌ་དགོངས་ཚད་ལྔ་ཐུགས་ལ་བཀྲམ།།
ཐོད་དཀར་ཆེན་པོས་ཐུགས་ཀྱིས་གྲོས་ནས་བླ་དྭགས་བདོག་ལ་བྲམ་གཙང་སྐུལ།།
དར་དཀར་ལེབ་མོ་དངུལ་དཀར་མེ་ལོང་ལྷ་མདའ་སྒྲོ་རྩེར་བྲམ་ཟེས་བཏགས།།
ཡིད་བཞིན་ནོར་བུ་གུས་འབུལ་བཏེགས་ཀྱིས་གཤེན་རབ་མི་བོའི་གསེར་ཞལ་མཇལ།།
བདེར་གཤེགས་ཀུན་འདུས་མཁྱེན་བརྩེའི་ཁོ་ལག་མཚན་དཔེའི་ཡོན་ཏན་མ་ལུས་མཐོང་།།
ཐམས་ཅད་མཁྱེན་པའི་ཕྱོགས་ཅུའི་རབ་འབྱམས་སངས་རྒྱས་སྟོང་གི་ཞལ་ཚབ་གཟིགས།།
དྲུང་མུ་གྱེར་གྱི་བསྟན་པའི་བྱེད་པོར་གཤེན་རབ་མཚན་གྱི་ཅོད་པན་གནང་།།
རྫོགས་ལྡན་གསར་པའི་སྐལ་བཟང་ལང་ཚོ་རྣཾམ་པཾར་བཞེཾས་པཾའི་མཛཾད་པཾ་བཀྲ།།
༢
སྐྱེ་འགྲོ་ཀུན་དགྱེས་ཀུན་སྒྲིབ་སྤང་ཕྱིར་ཐེག་པ་རིམ་དགུའི་སྤྱི་དོན་དབབས།།
ཐེག་དགུ་ཐོག་མ་གཤེན་རབ་བསྟན་པ་གཤེན་པོ་རྣམས་ལ་གཉེར་གཏད་མཛད།
བསྐལ་པར་སྨག་པའི་གོ་ལའི་ས་ཆེན་སྒྲོན་སྐལ་བསྟན་པའི་གདུལ་ཞིང་ཆགས།།
སྟོང་གསུམ་དབང་བསྒྱུར་བསྟན་སྲིད་གཉིས་ཀྱི་འཁོར་ལོ་བསྒྱུར་རྒྱལ་གདན་ས་མནན།།
མོ་རྩིས་གཏོ་དཔྱད་ཕྱྭ་ཡི་གྱེར་སྒོ་ལེགས་སྦྱར་ཐང་པོའི་ཐུགས་ལ་བཀྲམ།།
ཐུགས་དཀར་ལྷ་གཉེན་སེལ་གྱི་མདོས་མཆོང་སྣང་གཤེན་གཙུག་ཕུད་སྨྲང་ལ་ཚེམས།།
མནན་གཟིར་བཀར་བསྲེགས་བགེཌ་འདུལ་གྱེར་སྒོ་འཕྲུལ་གཤེན་གཙུག་ཕུད་ལྗཌ་ལ་ཕྱུང་།།
འཆི་རྐྱེན་སྲི་འུ་གདོན་ཆེན་འདུལ་ཕྱིར་འདུར་ཐབས་སུམ་བརྒྱ་དྲུག་ཅུ་བསྟན།།
དགེ་བཅུ་ཚུལ་སྤྱོད་ཚོགས་གཉིས་རབ་རྫོགས་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་བགོས།།
སོ་ཐར་སྡེ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཉིང་ལག་སུམ་བརྒྱ་དྲུག་ཅུ་དབབ།།
ཨ་ཡེ་བླ་མེད་གཞི་ལམ་གཏེར་ཁའི་གཞུང་ཆེན་པོད་ཀྱི་གསས་མཁར་བརྩེགས།།
ལོ་མཛོད་བཅུ་གཉིས་མཛད་ཆེན་བསྐྱངས་ནས་རྣཾམ་པཾར་སྤེཾལ་བཾའི་མཛཾད་པཾ་རྒྱས།།
༣
རྣམ་འདྲེན་མཚན་དཔེ་ཟླ་བ་དཀར་པོ་གླིང་བཞིའི་གྲོང་ལ་ཞབས་སུ་བཅགས།།
བསོད་ནམས་དགེ་ཚོགས་རླབས་དཀར་གཡོས་ཏེ་བསམ་མི་ཁྱབ་པའི་མཆོད་པ་ཕུལ།།
ཡེ་ཤེས་ཡང་སྤྲུལ་གཟི་བྱིན་རང་འབར་ཡིད་བཞིན་ནོར་བུའི་གསེར་ཏོག་བཙུགས།།
ཁམས་གསུམ་འཁོར་བའི་འགྲོ་ཁམས་སྨག་ཅན་ཀུན་བཟང་རྒྱལ་མཚན་རྩེར་བཀོད་དོ།།
འཛམ་གླིང་བྱེ་བའི་གྲངས་སུ་སྤྲུལ་ནས་རིགས་དྲུག་འདུལ་བའི་གཤེན་དྲུག་བཞེངས།།
གཤེན་ལོ་དཀར་པོ་བཅུ་བཞིར་གདུལ་དོན་འགྲོ་བ་དཔག་མེད་ཐར་པར་བཀོད།།
གཏོ་བུ་དོད་དེ་དམྱལ་སྣང་གྲོལ་ཕྱིར་སྒྲིབ་སྦྱོང་སྒྲོན་མའི་དཀྱིལ་ཆོག་གསུངས།།
ཁྲི་ཤི་དབང་རྒྱལ་གསོན་ཤི་རྒྱབ་དུས་སོད་སོད་རྒྱག་རྒྱག་འཇིགས་སྣང་ཤར།།
དུཿ་ཁའི་གཡང་ལས་བདེ་བར་འདྲེན་ཕྱིར་རྣམ་སྣང་རྒྱལ་པོའི་སྒྲུབ་ཞལ་ཕྱེས།།
ཐབས་ཤེས་ཟབ་མོའི་གཤོག་ཟུང་བརྐྱངས་ཏེ་ཐུགས་རྗེ་ཆེན་པོས་ཐར་པར་བཀོད།།
གཏོ་བུ་དོད་དང་ཁྲི་ཤི་དབང་རྒྱལ་སྒྲིབ་བྱང་ཚོགས་རྫོགས་མངོན་སངས་རྒྱས།།
མ་རྟོགས་མཐུག་པོའི་ལས་ཉོན་དག་ཕྱིར་རྣཾམ་པཾར་འདུཾལ་བཾའི་མཛཾད་པཾ་སྤེལ།།
༤
བཅོ་ལྔའི་གཤེན་ལོར་འགུ་ལིང་མ་དང་ཧ་ལ་གུ་ཝེར་གཞན་དོན་མཛད།།
བཙུན་མོ་མྱོས་ནས་སློབ་དཔོན་སྨད་དེ་བསླུ་བྲིད་སྣ་ཚོགས་ཟོལ་སྟོན་ཀྱང་།།
འཁྱུག་ཙམ་མ་སྒུལ་བཙུན་མོའི་རེ་བ་ནམ་མཁའི་མེ་ཏོག་ཟླ་རུ་གྱུར།།
འགུ་ལིང་མ་ཡིས་རྨ་ཤུལ་སྦར་གཏོད་སྐྲ་སྦར་ལུས་ཀྱི་གོས་ཤམ་བཀྲལ།།
གཙུག་གཤེན་རྒྱལ་བ་བཙོག་པ་ཞིག་སྨྲས་རང་སྐྱོན་སློབ་དཔོན་དབུ་ལ་བསྒྱུར།།
ལས་ངན་བསགས་པའི་རྣམ་སྨིན་དབང་གིས་བཙུན་མོ་ཟུག་རྔུ་འཛེ་ཡིས་ཟིན།།
སློབ་དཔོན་གཙང་མར་སེམས་ཆགས་སྐྱེས་པར་མ་ཉེས་བཀབ་པའི་སྐྱོན་ཞིག་བྱུང་།།
གཤེན་ལ་མཐོལ་བཤགས་བཟོད་སྲོལ་ཞུས་ནས་གཙུག་གཤེན་རྒྱལ་བ་གདན་དུ་དྲངས།།
ཧ་ལ་ར་ཙར་རྣམ་སྨིན་ངན་པ་མི་སྟོང་དགུ་བསད་ལེ་ལན་བསྙེགས།
དམྱལ་ཟང་ནག་པོར་ལན་དགུ་འཚོས་པར་ཁྲོ་ཆུ་ཁོལ་མའི་དམྱལ་སྣང་ཤར།།
སྔར་བྱས་རྣམ་སྨིན་ཡིད་ལ་འཁོར་ནས་གཤེན་རབ་བསུ་ལ་རྒྱལ་བློན་ཕེབས།།
ཀུན་བཟང་རྒྱལ་བའི་དཀྱིལ་འཁོར་ཞལ་བསྟན་རྣཾམ་པཾར་འདྲེནཾ་པཾའི་མཛཾད་པཾ་ཟབ།།
༥
འགུ་ལིང་མ་ཡི་སྡུག་བསྔལ་བསལ་དུས་ཧོས་རྒྱལ་དང་བ་ཐུགས་དོན་དགྱེས།།
བཅུ་དྲུག་གཞོན་པའི་མཚན་དཔེ་ཡོངས་རྫོགས་རང་མཐུན་ཆ་ལུགས་མཛེས་པོར་བསྟན།།
ཆགས་སྲེད་ཕྲག་དོག་མེ་ལྕེ་མ་འཆེད་སྙིང་རྗེ་བདུད་རྩིའི་གྲུ་ཆར་བབས།།
གསང་གསུམ་འདབ་བརྒྱའི་དགའ་ཚལ་ཞིང་དུ་དགའ་བཞི་རོལ་པའི་དགོངས་པ་ལ།།
འཇིག་རྟེན་རྒྱལ་པོ་གྲོགས་སུ་མི་འོས་རྒྱལ་མེད་མ་ཞིག་ཁབ་ཏུ་བཞེས།།
ཐུགས་རྗེ་བྱམས་མའི་ཐབས་ཀྱི་སྤྲུལ་པ་མངོན་སུམ་གཟིགས་ནས་འགྲོ་དོན་དགོངས།།
ཕ་རོལ་ཕྱིན་པའི་རང་གཟུགས་མངོན་ལྡན་མཚན་ལྡན་སྒེག་མོའི་འཕྱང་འཕྲུལ་གསེབ།།
མངོན་པར་ཞིང་མཆོག་ཞི་བའི་ཉམས་ལ་ཟིལ་གནོན་ཁྲོ་བོ་འཁྲུངས་པའི་རྟགས།།
ལྷ་ཟ་ཀླུ་ལྕམ་ཕྱ་གསས་ཀོང་རྒྱ་ཡུམ་གྱི་ཤེས་རབ་ཐབས་ཀྱིས་རོལ།།
བོན་སྲིད་གཉིས་ཀྱི་རྟེན་འབྲེལ་ལུགས་མཐུན་ཁྲི་སྨོན་རྒྱལ་དུ་དགའ་སྟོན་སྤེལ།།
དགའ་བཞི་རྒྱས་པའི་བདེ་སྟོང་བདུད་རྩི་ཁྱབ་གདལ་དགོངས་པ་གར་དུ་བསྒྱུར།།
ཟག་མེད་དབྱིངས་སུ་ཟློས་གར་རྩེན་པའི་རྣཾམ་པཾར་རོལཾ་བཾའི་མཛཾད་པཾ་འཕེལ།།
༦
གཤེན་གྱི་གདུང་རྒྱུད་རིན་ཆེན་ཆུ་གཏེར་འཕེལ་བའི་སྲས་བརྒྱད་མངོན་པར་བལྟམས།།
རྒྱལ་མེད་རྒྱལ་སྲས་གཏོ་བུ་སངས་ལ་གཏོ་ཐབས་སུམ་བརྒྱ་སྟོན་པས་བསྟན།།
དཔྱད་བུ་ཁྲི་ལ་དཔྱད་གཞུང་ཆེ་ལྔ་བཞི་བརྒྱ་རྩ་བཞིའི་གཉེན་པོ་བསྟན།།
ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་མཛད་ནས་ཐུགས་རྗེ་ཆེན་པོའི་སྟོན་པ་མཇལ།།
ཤེས་རབ་རྩལ་རྫོགས་དགོངས་པ་གཏིང་ལོན་ཀུན་མཁྱེན་དགོངས་པ་དཔྱིས་ཕྱིན་ནོ།།
མངོན་པ་སྡེ་བཞི་ཚད་མ་སྡེ་བདུན་ལུང་འདྲེན་གསལ་བའི་ཐུགས་ལ་བཀྲམས།།
བཀའ་བབས་སློབ་མ་རྒྱུད་འདྲེན་སྒྲོན་མར་ཨ་དཀར་ཐེག་པའི་གདམས་གཉེར་གཏད།།
བདུད་ཆེན་བཏུལ་ལ་བསྟན་པ་སྤེལ་ནས་ཕྱ་ཟ་གུང་དྲུག་ཁབ་ཏུ་བཞེས།།
མཁྱེན་དཔྱོད་འོད་དཀར་ཕྱོགས་མེད་སྤྲོ་བའི་རྒྱལ་བའི་གདུང་སོབ་ལྡེམ་དྲུག་འཁྲུངས།།
གཤེན་རབ་གསུང་གི་བསྟན་པའི་བདག་པོ་འཛམ་གླིང་མཛེས་པའི་རྒྱན་དུ་ཆགས།།
འོལ་ཟེའུ་ཀོང་གསུམ་ལྟ་སྒོམ་མཐར་ཕྱིན་ཤེས་བྱའི་གནས་ལ་ཐོག་ཆགས་མེད།།
རྣམ་དག་ལུགས་ཀྱི་རྣམ་ཐར་བྱང་ཆུབ་རྣཾམ་པཾར་སྤྲུཾལ་པཾའི་མཛཾད་པཾ་འཕེལ།།
༧
དམུ་རྒྱལ་ཆེན་པོའི་ཆིབ་རྟ་བརྐུས་མཁན་བདུད་ཕྲུག་རྐྱ་བདུན་རྐུས་འཁོར་དང་།།
བདུད་ཆེན་གཙོ་འཁོར་དམག་ཚོགས་མཐུག་ཀྱང་གཤེན་ལ་འགྲན་དུ་མ་སྡོས་ཏེ།།
གཅེན་གཅུང་ཉི་ཟླ་གཤེན་དང་ཁྱབ་པ་ལྟ་སྤྱོད་དགེ་སྡིག་མ་མཚུངས་པས།།
ཚེ་རབས་རྣམས་སུ་རྩོད་ཟླར་ལྷན་སྐྱེས་གྲངས་མེད་སྔོན་ནས་དཀར་ནག་སྨོན།།
ཆོ་འཕྲུལ་བརྒྱ་ཡིས་བར་ཆད་མ་ཚུགས་ཁྱབ་པ་གཤེན་གྱི་གདུལ་བྱར་གྱུར།།
མ་རྟོགས་འཁྲུལ་པའི་ལོག་རྟོག་སྤྱོད་མཁན་བདུད་དམག་དུ་མ་གཡུང་དུ་ཕབ།།
གསང་གསུམ་ཡོན་ཏན་བསམ་མི་ཁྱབ་པར་བོན་ལ་སྤྱོད་པའི་གདུལ་བྱར་གྱུར།།
བསྟན་བདག་རྣམས་ཀྱི་ཐུགས་རྒྱུད་སྲ་བརྟན་གཡུང་དྲུང་གཏམ་པའི་བྲག་ལ་བརྐོས།།
ཇི་ལྟ་གཟིགས་ཚད་ཡང་རྩེའི་དགོངས་པ་གླིང་བཞི་ཉི་མའི་ཚ་རླབས་དང་།།
ཇི་སྙེད་མཁྱེན་དཔྱོད་ཤེས་རབ་ཀུན་གསལ་ཟླ་བ་དཀར་པོའི་མཐུ་བྱིན་དང་།།
འཁོར་འདས་གཉིས་མེད་མཉམ་པ་ཆེན་པོ་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་གིས།།
མ་རྟོགས་དུག་ཅན་བདུད་སྡེའི་དཔུང་ཚོགས་རྣཾམ་པཾར་འཇོམཾས་པཾའི་མཛཾད་པཾ་རྒྱལ།།
༨
གསེར་གྱི་བཀའ་སྒྲོམ་ཞུགས་ལ་བསྲེགས་ཀྱང་དཔའ་བོ་འབྲུ་ལྔར་འཕྲུལ་ཡིག་བརྡོལ།།
ཀོང་ཙེ་འཕྲུལ་རྒྱལ་བསྟན་སྦྱིན་མཛད་ནས་དཀར་ནག་བཀྲ་གསལ་ཚོམས་ཆེན་བཏབས།།
སྐུ་གསུམ་ཡོངས་རྫོགས་རྒྱལ་བའི་རྒྱལ་ཚབ་བསྟན་པ་རྣམ་གསུམ་རྗེས་སུ་བཞག།
ཐུགས་བསྐྱེད་རླབས་པོའི་མཐུ་ཤུགས་ཆེ་བས་བདུད་ཀྱིས་ངན་སྐུལ་འཚེ་རྐྱེན་ཉམ།།
ཕོ་བྲང་གླིང་བརྒྱད་སོ་བརྒྱད་མཁར་དུ་ཀུན་ལས་རྣམ་པར་རྒྱལ་བ་བཞེངས།།
སེམས་དཔའ་དྲུག་སྟོང་ལྔ་སྟོང་ལྔ་བརྒྱ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་སོགས།།
མཉམ་བཞག་དཀྱིལ་ཀྲུང་གུས་ཕྱག་དགྱེས་མཆོད་སྟོན་འཁོར་ལྷན་དུ་བཞུགས་པས་ན།།
མ་རུང་བདུད་སྲིན་འཇིགས་ཤིང་དངངས་ནས་གནོད་ཅིང་མི་འཚེའི་གཡར་དམ་བཅས།།
བརྒྱད་ཁྲི་བཞི་སྟོང་གཏན་ལ་དབབ་སྟེ་གླེག་བམ་གྲངས་མེད་འཕྲུལ་གྱིས་བསྐྲུན།།
བསྐལ་སྲིད་ཆགས་འཇིག་སྒང་གཤོང་བརྒལ་བའི་པོ་ཏི་སྔོན་པོའི་ཐེམ་ཀ་བཙན།།
བོན་འཁོར་གསུམ་གྱི་འཕྲུལ་འཁོར་ཟབ་མོ་བཀའ་འཁོར་གོང་འོག་བར་གསུམ་བསྐོར།།
གཤེན་བསྟན་གད་རྒྱངས་གོ་ལར་བསྒྲགས་ནས་རྣཾམ་པཾར་སྤེལཾ་བཾའི་མཛཾད་པཾ་འབར།།
༩
སྡུག་ཅན་མནར་བའི་སྡུག་བསྔལ་མཐོང་ནས་ངེས་འབྱུང་བཅོས་མིན་ཐུགས་ལ་འཁྲུངས།།
གཤེན་ལོ་སོ་གཅིག་སྲུང་ཁྲིམས་བསླབ་པའི་རྩ་བ་ཡན་ལག་དབྱེ་ཤགས་མཛད།།
གཟི་བརྗིད་རྔམ་ཆེན་དྲི་མེད་ཤེལ་གྱི་རྣམ་དག་དཀར་པོའི་མཆོད་རྟེན་དྲུང་།།
ཉིད་སྐྲ་ཉིད་བསིལ་རབ་ཏུ་བྱུང་དུས་གོས་དྲུག་རྫས་ལྔ་མཁའ་ནས་བབས།།
སྡུག་བསྔལ་ཆབ་དྲགས་ཆུ་བོ་སེལ་ཕྱིར་བྱ་སྤྲེལ་དཀའ་ཐུབ་ལོ་དགུར་མཛད།།
འོག་མིན་ལེགས་ལྡན་རྒྱལ་བའི་མདུན་དུ་བསྙེན་རྫོགས་ཁྲིམས་ཀྱི་སྡོམ་པ་ནོད།།
ཚུལ་ཁྲིམས་བསླབ་པ་མིག་བཞིན་བསྲུང་བས་ཁྲི་གཙུག་རྒྱལ་བའི་དབུ་རྒྱན་གསོལ།།
འདུལ་ཁྲིམས་གླིང་དུ་འདུལ་བའི་རྒྱུད་ལུང་མན་ངག་སྡེ་གསུམ་ལུང་སྡེ་གསུངས།།
འཁོར་བའི་རྒྱ་མཚོ་གྲུ་ཡིས་བརྒལ་ལ་ཚིགས་བཞི་བོན་གྱི་འཁོར་ལོ་བསྐོར།།
དཀོན་པའི་དཀའ་བ་རྣམ་གསུམ་སྤྱད་ནས་གདུལ་དཀའི་བདུད་བཞི་དྲུང་ནས་བཅོམས།།
འཕྲིན་ལས་ཐབས་མཁས་ཐུགས་རྗེ་ཆེན་པོ་བླ་རུ་འཕགས་པའི་མཛད་པ་སྟེ།།
འཁོར་བ་ཐོག་མེད་ཉེས་དམིགས་མཐའ་བསལ་རབ་བྱུང་རིགཾ་པཾའི་མཛཾད་པཾ་བསྔགས།།
༡༠
སྐྱེ་བ་གཅིག་གིས་བླ་མེད་སྒྲུབ་ཕྱིར་དམ་པའི་སྡེ་ལ་ཐུགས་ཡི་རངས།།
ཟང་ཟིང་འཁོར་བ་རྒྱངས་ཐག་བསྲིངས་ཏེ་གཅིག་པུར་དབེན་སའི་བྲག་དཀར་འཚོལ།།
མ་ཆགས་མི་ལེན་ཤེས་རབ་གཤོག་ཟུང་བདེ་ཆེན་མཁའ་ཡི་འཕང་ལམ་གཤགས།།
སྐལ་ལྡན་དབང་རབ་ཁྱབ་པ་སོགས་ལ་བླ་མེད་རྫོགས་ཆེན་བོན་སྡེ་བཀྲལ།།
དབང་འབྲིང་ཐ་མས་ཤེས་རབ་རྩལ་སྦྱོང་མས་འཛེགས་བཀའ་འཁོར་ལོ་གསུམ་སྐོར།།
ཐོས་རྟགས་བརྩོན་པས་འབྲས་རྟགས་ལེན་ཕྱིར་ཐོས་བསམ་སྒྲོ་འདོགས་ལེགས་པོར་དཔྱད།།
གཡུང་དྲུང་དགུ་བརྩེགས་རི་ཆེན་འཇིང་དུ་གཡུང་དྲུང་ལྟ་བུའི་ཏིང་འཛིན་མངོན།།
འཁོར་ལོ་གསུམ་གྱི་ལྟ་སྒོམ་སྤྱོད་འབྲས་འཁོར་སློབ་རྣམས་ལ་ལེགས་པར་གདམས།།
གཤེན་བསྟན་དཀར་པོ་གཡས་འཁྱིལ་དུང་སྒྲས་སྲིད་གསུམ་སྐྱེ་འགྲོ་གཉིད་ལས་བསླངས།།
བཅུ་རིག་རྨད་བྱུང་དཔག་བསམ་ལྗོན་པའི་རྟེན་འབྲེལ་དགའ་ཚལ་དགེ་མཚན་ལྟས།།
བྱང་ཆུབ་སེམས་ཀྱི་བདུད་རྩི་བཞུར་ནས་མན་ངག་དཀར་པོས་ཕན་བདེ་སྦྱིན།།
ཆགས་པ་མེད་ན་འཁོར་བ་མེད་པས་འཁོརཾ་སྤཾངས་དཾགོན་པཾའི་མཛཾད་པཾ་རྒྱལ།།
༡༡
རིན་ཆེན་འབྲུ་སྨན་གཏེར་མཛོད་རྒྱས་པའི་འོལ་གླིང་དབེན་ཁྲོད་ཞབས་ཀྱིས་བཅགས།།
བདག་གཞན་གཉིས་མེད་བདག་རྒྱུད་དཀྲོལ་ནས་ལྟ་སྤྱོད་ཡས་མར་ཐབས་ཤེས་ཟབ།།
ཟུང་འཇུག་སྐུ་གཉིས་ལ་ཟླའི་རྨིང་གཞི་སྙིང་རྗེ་ཆེན་པོས་ཐབས་མཁར་བརྩེགས།།
ཐེག་ཆེན་བོན་གྱི་འཁོར་ལོ་རྣམ་བཞིའི་ཐེག་པའི་བཀའ་འཁོར་གཏད་གཉེར་མཛད།།
ཁྲི་སྨོན་རྒྱལ་དུ་བསྡུས་འཁོར་དག་པ་སྡེ་བཞི་ཟུང་བརྒྱད་སྡེ་ཚན་བགོས།།
ཕུན་སུམ་ཚོགས་པ་ལྔ་ཡིས་གཏན་ཕབ་བཀའ་བསྡུ་རིམ་པ་གསུམ་དུ་བཅད།།
གདུང་ཚབ་ལྡེབ་དྲུག་རྒྱལ་ས་བཟུང་བའི་རྒྱལ་ཚབ་དགོས་པར་ཞལ་ནན་ཆེམས།།
བཀའ་བཞིན་བགྱིས་ནས་བཀའ་བསྡུ་མཛད་པས་བཀའ་ལུང་མ་ནུབ་ད་ལྟ་གནས།།
ཐེག་སྒོ་གྲངས་མེད་ཐུགས་ལ་བསྟུན་ནས་སྐལ་སྲིད་ཆགས་འཇིག་གཏན་ལ་དབབ།།
མན་ངག་ཡང་ཞུན་གཞི་ལམ་ཟབ་མོ་མི་དམན་འཁོར་ལ་མང་དུ་བསྟན།།
ཙན་དན་ནགས་ཀླུང་རི་བོའི་དཔངས་སུ་གཡུང་དྲུང་སེམས་དཔའི་སྟོན་འཁོར་ཟུང་།།
གྲངས་མེད་བསགས་སྦྱངས་རིང་ནས་མངའ་བས་བདེ་ལྡན་རྣཾམ་གྲོལཾ་མཛཾད་པཾ་རྫོགས།།
༡༢
བདུད་བཞི་འདུལ་ཆེད་སྲས་བཞི་གཞག་སྟེ་སྲིད་པའི་བུ་བཞིར་སྨོན་ལམ་ཕོག།
ང་མིན་ཆོས་པོའི་ཆོས་ལོག་འདུལ་ཆེད་དམ་པ་ཏོག་དཀར་ཤག་ཏུ་སྤྲུལ།།
བདུད་འཁོར་གཏིང་ནག་ལོག་རྩིས་འདུལ་ཆེད་ཀོང་ཙེ་འཕྲུལ་ལ་གབ་ཙེ་བསྟན།
བདུད་ཆེན་རམ་པའི་དུག་སྦྱོར་འདུལ་གཉེན་དཔྱད་བུས་བདུད་རྩི་སྨན་སྦྱོར་བསྐྱངས།།
བདུད་ཆེན་འགྲན་དེའི་དྲེགས་ཆེན་འདུལ་གཉེན་གཏོ་བུ་འབུམ་ལ་བརྡ་ལུང་ཕོག།
སྟོན་པ་འདས་ཀྱང་བསྟན་པ་མ་ནུབ་རྒྱལ་བའི་སྲས་ལ་བསྟན་པ་བཞག།
ཟག་མེད་སྐུ་ལ་སྐྱེ་འཇིག་བྲལ་ཡང་ཟག་བཅས་འགྲོ་རྣམས་དགེ་བསྐུལ་ཆེད།།
བོན་ཉིད་དབྱིངས་ལས་གཡོ་མེད་ངང་དུ་བོན་ཅན་མཚན་མས་མི་རྟག་བསྟན།།
གཤེན་ལོ་གྱ་གཉིས་གནམ་སྟོང་སྐྱ་རེངས་ཤར་ནས་བརྐྱངས་བའི་མཁའ་མཐའ་ལ།།
མཛད་ཆེན་བཅུ་གཉིས་ལེགས་པར་གྲུབ་སྟེ་ཞི་བ་ཆེན་པོའི་རྒྱལ་ས་ནས།།
རྣམ་དཀར་རྒྱ་མཚོའི་རླབས་ཞགས་འཕྱུར་ནས་བདེ་ཆེན་ཞི་བའི་ཞིང་སར་བསྐྱོད།།
ཐོག་མེད་ཐ་མའི་གདོས་ཐག་བཅད་དེ་རྣམ་པར་གྲུབ་པའི་མཛད་པ་བསྐྱངས།།
སྤྱི་ལོ་༢༠༢༠/༩/༢༠/ཉིན་མོར་གྲུབ་པར་བགྱིས་སོ།།