སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྔོན་མ་འཆད་ར་ནང་ནས་དུས་གསུམ་སྐོར་གྱི་ཟིན་མཚམས་ཐེངས་གཅིག
[ 2020/12/5 19:47:00 | By: vase ]
 

སྔོན་མ་འཆད་ར་ནང་ནས་དུས་གསུམ་སྐོར་གྱི་ཟིན་མཚམས་ཐེངས་གཅིག

 

༧        དངོས་པོ་ལ་དུས་གསུམ་བཤད་པའི་སྐབས་སུ་ཁས་ལེན་སྟངས་མི་འདྲ་བ་འགའ་ཞིག་ཡོང་གི་རེད། འདས་མ་འོངས་གཉིས་རྟག་པ་ཡིན་ཞེས་གསུང་མཁན་ཡོད་རེད་ལ། ཁ་ཅིག་གིས་འདས་མ་འོངས་གཉིས་མེད། དངོས་པོ་ཡིན་ན་ད་ལྟ་བ་ཡིན་པས་ཁྱབ་ཅེས་འདོད་མཁན་ཡང་ཡོད་རེད།     ཀུན་མཁྱེན་བསྡུས་གྲྭ་ལས། དུས་གསུམ་སོ་སོའི་མཚན་ཉིད་དང་མཚན་གཞི་འཆད་སྐབས་ཀྱང་། ༧  བོན་དེ་ལ་ལྟོས་ཏེ་དུས་གསུམ་གྱི་ནང་ཚན་གང་ཞིག  བོན་དེ་ཡི་དུས་སུ་ཐལ་ཟིན་པ་དེ། བོན་དེ་ཡི་དུས་ཀྱི་འདས་པའི་མཚན་ཉིད་དང་།  ༧ སྐྱེས་ལ་མ་འགག་པ་ད་ལྟ་བའི་མཚན་ཉིད།  དེ་དང་བྱས་པ་དོན་གཅིག  གཞི་དང་སྦྱར་ན།  བོན་དེ་ཡི་དུས་སུ་སྐྱེས་ལ་མ་འགག་པ་དེ། བོན་དེ་ཡི་དུས་ཀྱི་ད་ལྟ་བའི་མཚན་ཉིད་དང་།   ༧  བོན་དེ་ལ་ལྟོས་ཏེ་དུས་གསུམ་གྱི་ནང་ཚན་གང་ཞིག བོན་དེ་ཡི་དུས་སུ་སྐྱེ་བའི་ནུས་པ་ཡོད་ཀྱང་མ་སྐྱེས་པ་དེ་བོན་དེ་ལ་ལྟོས་ཏེ་མ་འོངས་པའི་མཚན་ཉིད་གསུངས་པའོ།།   གོང་གི་བོན་དེ་ལ་ལྟོས་ཏེ་དུས་གསུམ་གྱི་ནང་ཚན་གང་ཞིག་ཅེས་གསུངས་མ་ཐག་ཏུ། ཀ་བ་དང་བུམ་པ། མེ་དང་ཆུ་ལྟ་བུ་ཕན་ཚུན་འབྲེལ་མེད་དོན་གཞན་གྱི་བོན་རྣམས་ཕན་ཚུན་ལྟོས་འཇོག་གིས་དུས་གསུམ་བཤད་དུ་མེད་པ་རང་བཞིན་གྱིས་རྟོགས་ནུས་སོ།།     སྤྱིར་བཏང་འདས་མ་འོངས་གཉིས་རྟག་པ་ཡིན་ཞེས་ལབ་ན་ཅུང་བརྗོད་མ་བདེ་བ་ཞིག་གི་ཚོར་སྣང་ཡོང་གི་འདུག  དུས་གསུམ་གང་རུང་གི་མིང་མཐས་ཟིན་པ་ནས་འགྱུར་བ་ཅན་གྱི་བོན་ཞིག་ལ་སྦྱར་ནས་བཤད་དགོས་ཡོད་འགྲོ་བསམ་ཡོད།  འདས་པ་དང་མ་འོངས་པ་གང་རུང་ཡིན་ན་བོན་དེ་ཡི་དུས་སུ་ཐལ་ཟིན་པ་དང་། བོན་དེ་ཡི་དུས་སུ་མ་སྐྱེས་པ་གང་རུང་ཡིན་དགོས་པས།  རྟག་པ་ཡིན་རྒྱུའི་བོན་ཞིག་ལ་བོན་དེ་ཡི་དུས་སུ་ཐལ་ཟིན་པ་དང་། བོན་དེ་ཡི་དུས་སུ་མ་སྐྱེས་པ་ཞེས་བརྗོད་ཡ་དེ་བས་དཀའ་མོ་རེད་བསམ།   གཞན་བསྡུས་གྲྭའི་སྐབས་ཀྱི་ཁས་ལེན་ལྟར་བོན་དེ་ལ་རྟག་དངོས་གཉིས་ཀྱི་ཆ་ཡོད་པས་རྟག་པ་ཁས་ལེན་པ་ལྟ་བུ་ཡང་མ་ཡིན། འདས་མ་འོངས་གང་རུང་རྟག་པའི་མཚན་གཞི་ཞིག་འཇོག་རྒྱུ་དཀའ་མོ་རེད་སྙམ།  འདས་པ་དང་མ་འོངས་པའི་རང་ལྡོག་རྟག་པ་ཡིན་ཟེར་དགོས་ན་དེ་བས་རྒྱུ་མཚན་ཞིག་མ་སྣང་། གལ་སྲིད་ན་ནིང་གི་ལོ་དང་སང་ལོའི་ལོ་ལྟ་བུ་ཞིག་མཚན་གཞི་བཞག་ནས་རྟག་པ་རུ་ཁས་ལེན་མི་ཐུབ་པ་ནི་མངོན་གསལ་རེད།  ཁོ་བོས་འདས་པ་དང་མ་འོངས་པ་ཟེར་མཚན་གཞི་བྱེ་བྲག་པ་ཞིག་ལ་ངོས་མ་གཟུང་ན་འདས་མ་འོངས་ཟེར་བཤད་རྒྱུ་མེད་པས།  ཁ་ཅིག་གིས་འདོད་པ་ལྟར་འདས་མ་འོངས་གཉིས་མེད་པ་ཡིན་ཟེར་དགོས་ན་དེ་བས་འགྲིག་གི་མི་འདུག་བསམ་ཡོད།  དེའི་ཕྱིར་ཁོ་བོས་དངོས་པོ་ཡིན་ན་ད་ལྟ་བ་ཡིན་པས་ཁྱབ།  རྒྱུ་མཚན་ནི། ཀུན་མཁྱེན་སོགས་ཀྱིས་སྐྱེས་ལ་མ་འགག་པ་ད་ལྟའི་མཚན་ཉིད། དེ་དང་བྱས་པ་རྣམས་དོན་གཅིག་གསུང་ཡོད་པ་སོགས་ཀྱིས་གྲུབ་བོ།།  འདས་པ་རྟག་པ་མིན་ལ་འདས་པ་འདས་པ་ཡང་མིན། མ་འོངས་པ་རྟག་པ་མིན་ལ་མ་འོངས་པ་མ་འོངས་པ་ཡང་མིན།  འདས་མ་འོངས་གཉིས་དངོས་པོ་ཡིན།  ཀུན་མཁྱེན་སོགས་ཀྱིས་དུས་གསུམ་སོ་སོ་བའི་དོན་གསུངས་སྐབས་ཀྱི་མཚན་ཉིད་མཚན་གཞི་དེ་ཚོ་བོན་དེ་ལ་ལྟོས་ཏེ་དུས་གསུམ་རེ་རེ་བའི་རྣམ་བཞག་གསུངས་པ་དེས་འདས་པ་དང་མ་འོངས་པ་ཟེར་གཙོ་བོ་བོན་དེ་ལ་ལྟོས་ནས་བཤད་དགོས་པ་རང་བཞིན་དུ་མངོན་གྱིན་འདུག་བསམ་ཡོད།   སྤྱིར་རྟག་དངོས་གཉིས་ཀྱི་ཆ་དང་བཅས་པའི་དུས་གསུམ་གྱི་རྣམ་བཞག་ཅིག་བསྟན་པའི་ཚུལ་ཡང་མཐོང་གི་མེད། ད་ཐེངས་ལན་གཅིག་ལ་དུས་གསུམ་དངོས་པོ་རུ་འདོད།  སྤྱིར་འདས་པ་ད་ལྟ་བ་ཡིན་ཀྱང་། བོན་དེ་ཡི་དུས་སུ་འགག་ཟིན་པ་ཡིན་ལ་བོན་དེ་ཡི་དུས་སུ་འདས་པ་ཡང་ཡིན། སྤྱིར་མ་འོངས་པ་ད་ལྟ་བ་ཡིན་ཀྱང་།  བོན་དེ་ཡི་དུས་སུ་མ་སྐྱེས་པ་ཡིན་ལ་བོན་དེ་ཡི་དུས་སུ་མ་འོངས་པ་ཡང་ཡིན་ཞེས་མཚན་གཞི་བྱེ་བྲག་པ་ལ་སྦྱར་དགོས་པ་ལས་སྤྱི་ལྡོག་པ་རྐྱང་བཟུང་ལ་དེ་ཙམ་དགོས་པ་ཆེ་རུ་མ་མཐོང་ངོ་།།  གཞན་བུམ་པའི་འབྲས་བུ་དེ་བུམ་པ་ལ་ལྟོས་ཏེ་སྐྱེ་བའི་ནུས་པ་ཡོད་ཀྱང་མ་སྐྱེས་པ་མ་རེད།  བུམ་པ་ལ་ལྟོས་ཏེ་སྐྱེས་པ་རེད། བུམ་པ་ལ་ལྟོས་ཏེ་སྐྱེས་པ་ཡིན་ཏེ་བུམ་པ་ལ་ལྟོས་ཏེ་དངོས་པོ་ཡིན་པའི་ཕྱིར། ཡིན་ཏེ་བུམ་པ་ལ་ལྟོས་ཏེ་འབྲས་བུ་ཡིན་པའི་ཕྱིར། བུམ་པའི་དུས་སུ་སྐྱེ་བའི་ནུས་པ་ཡོད་ཀྱང་བུམ་པའི་དུས་སུ་མ་སྐྱེས་པ་རེད། ཡིན་ཏེ་བུམ་པའི་འབྲས་བུ་ཡིན་པའི་ཕྱིར།  བུམ་པའི་རྒྱུ་དེ་བུམ་པ་ལ་ལྟོས་ཏེ་འདས་པ་རེད།  བུམ་པ་ལ་ལྟོས་ཏེ་སྐྱེས་པ་རེད། བུམ་པའི་དུས་སུ་སྐྱེས་པ་མ་རེད། བུམ་པའི་དུས་སུ་ཐལ་ཟིན་པ་རེད། ཡིན་ཏེ་བུམ་པའི་རྒྱུ་ཡིན་པའི་ཕྱིར།  ཀུན་མཁྱེན་བསྡུས་གྲྭ་སོགས་ལས། བོན་དེ་ཡི་དུས་སུ་འདས་པ་དང་། བོན་དེ་ལ་ལྟོས་ཏེ་འདས་པ་དོན་གཅིག  བོན་དེ་ཡི་དུས་སུ་མ་འོངས་པ་དང་།  བོན་དེ་ལ་ལྟོས་ཏེ་མ་འོངས་པ་དོན་གཅིག་གསུངས་པ་དེ་ཡང་བོན་དེ་ཡི་དུས་སུ་གཞིར་བཞག་བྱས་པ་ལ་དགོངས་ནས་ཁས་ལེན་ཐེངས་གཅིག་གཟུང་ན་དོན་དང་མཐུན་མིན་བློ་ལྡན་རྣམས་ཀྱིས་གསུང་ལ་རེ་སྒུག་ཞུ་ཆོག  བོན་དེ་ལ་ལྟོས་ཏེ་སྐྱེས་པ་ཡིན་མིན་དེ་བོན་དེ་ལ་ལྟོས་ཏེ་རང་འབྲས་སྐྱེ་བའི་དོན་བྱེད་ནུས་པ་ཡིན་མིན་བལྟ་ཡ་ལས་གཞན་གང་མེད།  འདས་པ་དང་མ་འོངས་པ་གཉིས་དེ་བོན་དེ་ལ་ལྟོས་ནས་བཤད་དགོས་ཀྱང་། བོན་དེ་ལ་ལྟོས་ནས་འདས་མ་འོངས་གང་རུང་ཡིན་ན། བོན་དེ་ལ་ལྟོས་ནས་ཡོད་པས་ཁྱབ། བོན་དེ་ཡི་དུས་སུ་མེད་པས་ཁྱབ་བོ།།   ཁ་ཅིག་ན་རེས། ན་ནིང་བོན་ཅན། འདས་པ་ཡིན་པ་ཐལ།  ཐལ་ཟིན་བའི་ཕྱིར།  ཐལ་ཟིན་བ་ཐལ།  རང་འབྲས་གྲུབ་པའི་ཕྱིར།  སང་ལོ་བོན་ཅན། མ་འོངས་པ་ཡིན་པ་ཐལ། མ་སྐྱེས་པའི་ཕྱིར། ཁྱོད་མ་སྐྱེས་བ་ཐལ། ཁྱོད་ཀྱི་རྒྱུ་མ་འགག་པའི་ཕྱིར་ཞེས་ཐལ་བ་འཕེན་སྲིད་ཀྱི་རེད།  དེའི་རིགས་ལ་ཐལ་ཟིན་ཞེས་པ་དེ་སྤྱིར་བཏང་བཤད་ཀྱིན་ཡོད་དམ། ད་ལོའི་དུས་བཤད་ཀྱིན་ཡོད་རྒོལ་བས་དྲི་བ་ཞིག་གཏོང་ན།  དུས་ལ་སྦྱར་ན་ད་ལོའི་དུས་སུ་སང་ལོ་མ་སྐྱེས་པར་འདོད། ད་ལོའི་དུས་སུ་ན་ནིང་འགག་ཟིན་པར་འདོད།   སྤྱིར་ན་ནིང་དང་ད་ལོ་གཉིས་གཅིག་ཤོས་འགག་ཟིན་པ་དང་གཅིག་ཤོས་མ་སྐྱེས་པ་ཡིན་པ་རྟགས་མ་གྲུབ་ཞེས་པའི་ལན་ཞིག་འདེབས་ཀྱི་ཡིན།  ད་དམིགས་བསལ་བུམ་པའི་མ་འོངས་པ་དང་། བུམ་པ་ལ་ལྟོས་ཏེ་མ་འོངས་པ་གཉིས་དོན་ཁ་ཁ་རེད། བུམ་པ་ལ་ལྟོས་ཏེ་མ་འོངས་པ་ཡིན་ན་བུམ་པའི་འབྲས་བུ་ཡིན་པས་ཁྱབ་རེད།  བུམ་པའི་མ་འོངས་པ་ཡིན་ན་བུམ་པའི་རྒྱུ་ཡིན་པས་ཁྱབ་རེད། དེ་བཞིན་བུམ་པའི་འདས་པ་ཡིན་ན་བུམ་པའི་འབྲས་བུ་ཡིན་པས་ཁྱབ་རེད། བུམ་པ་ལ་ལྟོས་ཏེ་འདས་པ་ཡིན་ན། བུམ་པའི་རྒྱུ་ཡིན་པས་ཁྱབ་རེད། བུམ་པའི་རྒྱུ་ལ་བུམ་པའི་མ་འོངས་པ་ཞེས་སྦྱར་དགོན་པའི་དོན་དག་དེ་ངེས་པར་ཧ་གོ་དགོས་རེད། སྤྱིར་དུས་གསུམ་དེ་ལྟོས་འཇོག་དབང་གིས་བཞག་དགོས་པས། བུམ་པ་དེ་སུ་ལ་ལྟོས་ནས་མ་འོངས་པ་འཇོག་དགོས་རེད་ཟེར་ན་ཁྱོད་ཀྱི་རྒྱུ་ལ་ལྟོས་ནས་མ་འོངས་པ་འཇོག་དགོས་པས་བུམ་པའི་རྒྱུ་དེ་བུམ་པའི་མ་འོངས་པ་རེད། གོང་གི་བུམ་པའི་ཞེས་པའི་འབྲེལ་སྒྲ་དེས་ཁྱོད་བུམ་པ་མ་འོངས་པར་འཇོག་བྱེད་དང་ཤེས་བྱའི་གཞི་མཐུན་ཡིན་པར་བསྟན།   ཡང་བུམ་པའི་འབྲས་བུ་དེ་བུམ་པའི་འདས་པ་ཡིན་པས་དོན་དེ་བུམ་པ་དེ་གཙོར་སུ་ལ་ལྟོས་ནས་འདས་པ་འཇོག་དགོས་རེད་ཟེར་ན་བུམ་པའི་འབྲས་བུ་ལ་ལྟོས་ནས་བུམ་པ་དེ་འདས་པ་འཇོག་དགོས་པས་བུམ་པའི་འབྲས་བུ་དེ་བུམ་པའི་འདས་པ་རེད།  དེ་སྐབས་བུམ་པའི་འདས་པ་ཞེས་པའི་བར་གྱི་འབྲེལ་སྒྲ་དེས་ཀྱང་བུམ་པའི་འབྲས་བུ་དེ་བུམ་པ་འདས་པར་འཇོག་བྱེད་དང་ཤེས་བྱའི་གཞི་མཐུན་ཡིན་པས་དོན་རེད་ཅེས་བརྗོད་ན་བསམ་བློ་སྐོར་ས་ཞིག་ཡོད་འགྲོ་སྙམ་ཡོད།  འདི་ནི་སྔོན་མ་ཁོ་བོས་འཆད་ར་ནང་གི་ཟིན་མཚམས་ཐེངས་གཅིག་རེད་འདུག་ད་བར་ཡིག་ཉོབ་གསེབ་ཏུ་ལྷག་འདུག་པས།   དེ་རིང་མཐོང་བ་དང་བསྟུན་ཐད་ཀར་དྲྭ་ལམ་དུ་བཀོད་པ་ལས་གཞན་དཔྱད་རིན་དང་གླེང་རིན་ཡོད་པ་གང་ཡང་མིན།   ༢༠༢༠/༡༢/༥/ཉིན་མོར་བསོད་ནམས་བློ་གྲོས་ཀྱིས་དྲྭ་ལམ་དུ་བཀོད་དོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.