གཟུགས་རྒྱན་ཉེར་གསུམ་གྱི་དཔེར་བརྗོད།
གྲྭ་པ་གྲྭ་རྐྱང་།
བསྡུས་གཟུགས་དཔེ།
ལང་ཚོ་ཨུ་དཔལ་མེ་ཏོག་ལ།།
ཡན་ལག་འདབ་མ་ཕྱོགས་སུ་བཀྲ།
རྐང་པ་ནེའུ་གསེང་ཚལ་དུ་ཟུག།
མཚེར་གཞུང་དབྱར་གྱི་ཁྱེའུ་མཚར།།
དྲུག་སྒྲ་མ་བསྡུས་གཟུགས།
གཞི་ཡི་རྒྱ་མཚོ་དཔོག་པ་ལ།།
ལམ་གྱིི་སྒྲོན་མེ་རབ་བཙལ་བས།།
འབྲས་བུའི་རིན་ཆེན་ཐོབ་པ་ལ།།
བདེ་བའི་ཉི་མ་ཇེ་གསལ་གྱུར།།
བསྡུས་མ་བསྡུས་གཟུགས།
དཀར་ཆ་འཛུམ་ཀོང་མེ་ཏོག་ལ།།
དུང་སོ་ཟེ་འབྲུ་རྒྱས་པའི་ཁུད།།
རིག་ལྔའི་འབྲས་བུ་རབ་སྨིན་པ།།
མཛངས་མའི་རིན་བྲལ་དཔྱོད་ཤེས་རྣོ།།
མ་བསྡུས་བསྡུས་གཟུགས།
རྣམ་དཔྱོད་བློ་ཡི་མྱུར་མགྱོགས་གློག།
གནས་ལྔ་གསལ་བའི་སྒྲོན་མེ་ཡིས།།
ཤེས་བྱ་རྒྱ་མཚོའི་གཏིང་གཞུང་ནས།།
ངག་རིག་སེང་སྐད་གཟི་བརྗིད་ཆེ།།
མཐའ་དག་གཟུགས།
རི་བོ་གངས་ཅན་མེ་ཏོག་དཀར་པོ་རུ།།
འདེགས་རྐང་ཡུ་བ་རྫ་སྤང་གསེབ་ཏུ་ཟུག།
ཡན་ལག་སྒང་གཤོང་འདབ་མ་ཕྱོགས་སུ་བཀྲ།
བྲག་དཀར་འདབ་ཅན་མཛེས་ལྡན་མེ་ཏོག་དཀར།།
ཆ་ཤས་གཟུགས།
ཆུང་དུས་ཐོས་བསམ་ཐུན་གཅིག་མ་སྦྱོང་བའི།།
གྲྭ་རྒན་དྲེད་པོའི་སེམས་ཀྱི་གསང་བུམ་ནང་།།
ཟབ་མོའི་གདམས་བཅུད་ཏིལ་ཙམ་མ་བླུགས་པས།།
འཆི་ཁར་འཁྲུལ་སྣང་ཆེ་ཡང་བྱ་ཐབས་ཅི།།
ཆ་ཤས་ཅན་གྱི་གཟུགས།
ཡིད་འོང་སུམ་རྩེའི་ཞིང་བཀོད་ཅེས།།
ཁང་བཟང་རིན་ཆེན་སྡོང་པོ་ལ།
གང་སྐྱེས་སྐལ་ལྡན་བདེ་སྐྱིད་ཐོབ།།
སུ་ཡང་གནས་དེར་སྐྱེ་བར་འདོད།།
ཡན་ལག་གཅིག་གཟུགས།
སེམས་ལ་བདེ་སྐྱིད་སྟེར་ནུས་མཁན།།
དབྱར་དུས་མེ་ཏོག་སེར་ཆེན་དེ།།
འཕྲད་དུས་སྐྱིད་པོ་མ་གཏོང་ན།།
དབྱར་ཟླ་ཚེས་ཀྱང་སྙིང་པོ་ཅི།།
ཡན་ལག་གཉིས་གཟུགས།
ཞལ་རས་སྟོན་ཀའི་ཟླ་གསར་ལས།།
དཀར་ཆ་བསིལ་ཟེར་འབུམ་གཡོས་པས།།
མ་ཤེས་སྐོམ་གྱི་ཚ་གདུངས་སེལ།།
དབྱངས་ཅན་ལྷ་མོ་ངག་གི་སྲས།།
ཡན་ལག་གསུམ་གཟུགས།
མགོ་བོ་སེང་གེ་དཀར་མོའི་དབུར།།
ཕྲག་ལྗོན་གཡུ་རལ་འདབ་མ་ཅན།།
རི་ཕྲན་གདོང་ལྔ་རྔམ་བཞིན་དུ།།
གངས་དཀར་ཏི་སེ་ཀུན་ལས་བརྗིད།།
ཕན་ཚུན་འབྲེལ་གཟུགས།
ཤེས་རིག་མེ་ཏོག་ས་བོན་ལ།།།
ཐོས་བསམ་སྒོམ་པའི་འདབ་ལོ་རྒྱས།།
སྐྱོན་མེད་པད་མའི་ཟེ་འབྲུ་བཀྲ།།
ཡང་སྙིང་གང་འདོད་འབྲས་བུ་སྨིན།།
ཕན་ཚུན་འབྲེལ་མེད་གཟུགས།
དྲོ་པོ་མེ་ཡི་ཚ་བ་ལ།།
གྲང་མོ་ཆུ་ཡི་རླན་པ་རྫོགས།།
ཚ་གྲང་འཚམས་པའི་འཁྱགས་དཀར་སྟེང་།།
རྩི་ཏོག་རི་བོང་རྭ་ལས་མཛེས།།
མི་མཉམ་གཟུགས།
གསང་གསུམ་བོན་གྱི་མཛོད་འཛིན་གྱི།།
མཁྱེན་དཔྱོད་ཉི་མའི་འོད་གསལ་བ།།
རིས་མེད་ཟླ་བའི་མཆོད་ཀོང་གི།
སྨྲ་བརྗོད་སྲིད་པ་གསུམ་ལ་གྲགས།།
ཁྱད་པར་གཟུགས།
དྲོད་སྐྱེད་འོབ་ཅན་བསིལ་ཟེར་ཅན།།
ཕྱི་ནང་བར་མེད་ཀུན་གསལ་ན།།
ས་སྲོད་མུན་པས་དང་བླངས་ཤིང་།།
སྣང་ཆའི་དངོས་པོ་སྔར་ལས་གསལ།།
འགལ་བའི་གཟུགས།
ས་གཞིའི་སྤང་ལས་མ་སྐྱེས་ཤིང་།།
ཕ་མའི་ཕྱག་གིས་མ་བསྐྱངས་བའི།།
འཚར་སྐྱེས་ལང་ཚོའི་མེ་ཏོག་དེས།།
ལྔ་རིག་གདམས་ངག་ཧུབ་ཀྱིས་འཐུངས།།
རྒྱུ་ཡི་གཟུགས།
བརྟན་བརླིང་ལྡན་པས་སྟོད་ཀྱི་གངས།།
དཀར་ཞིང་གཙང་བས་སྨད་ཀྱི་དར།།
འཇམ་ཞིང་དྲོ་བས་ལུག་གི་བལ།།
མཚན་དཔེ་མཆོག་གྱུར་གཤེན་ལྷའི་དཀྱིལ།།
སྦྱར་བའི་གཟུགས།
ནོར་བུའི་གཏེར་བདག་ཀོའུ་ཤི་ཀ།
རིན་བྲལ་དཔལ་ཡོན་ཕྱོགས་ཀུན་རྒྱས།།
དགེ་མཚན་འབྲས་བཟང་རྟག་འབར་བས།།
སྲིད་པའི་བོན་ལས་མངོན་པར་འཕགས།།
དཔེ་ཡི་གཟུགས།
ཤེས་རབ་རྒྱ་མཚོའི་རྦ་རླབས་ལས།།
བརྩེ་བ་ཆར་ཆེན་འབེབས་མཛད་ཅན།།
གཤེན་གྱི་སྐུ་ལུས་རི་རྒྱལ་འདིས།།
ས་འཛིན་དབང་པོའི་སྐལ་བཟང་འཕྲོག།
ལྡོག་པའི་གཟུགས།
འཁོར་པས་འཚོ་གནས་བཙལ་ལ་འབད།།
འཕགས་པས་བསླབ་པ་ལམ་དུ་ཁྱེར།།
དེ་ནི་འཕྲལ་གྱི་འབྱོར་བ་ཙམ།།
འདི་ནི་བདེ་ཆེན་ཐོབ་པའི་རྒྱུ།།
འགོག་པའི་གཟུགས།
དམར་སེར་འོད་ཀྱི་ཆུ་རིས་ཅན།།
ལི་ཁྲི་མདངས་འཛིན་སོས་ཀའི་གཞའ།།
གངས་དཀར་གཞུང་དུ་མང་འཁྱུད་ཀྱང་།།
དབང་གཞུ་གོར་གོར་སུ་ཡིས་གླེང་།།
མཉམ་འཇོག་གཟུགས།
མྱོས་བྱེད་ཆང་རག་འབྱུང་པོའི་གདོན།།
ཁོག་ཏུ་རག་ལ་དུག་འགྱུར་མོད།།
བཟི་ཁ་ཚ་བས་སྐྱོན་མ་ཟད།།
བསོད་ཟད་ཅན་གྱིས་ནད་དུ་བསྒྱུར།།
གཟུགས་ཅན་གཟུགས།
གངས་དཀར་ཤེལ་གྱི་མཆོད་རྟེན་ལ།།
དབུ་རྩེར་སྤྲིན་གྱི་བྱ་རུ་བརྒྱན།།
བང་རིམ་རི་རྒྱལ་བཀོད་པ་ཅན།།
རྩ་བ་ནོར་བུའི་བང་མཛོད་དངོས།།
བསྙོན་དོར་གཟུགས།
དམར་སེར་ལི་ཁྲི་ཚོས་ཅན་འདི།།
ཞྭ་སེར་མ་ཡིན་མེ་ཏོག་མདངས།།
ཟར་བུ་མ་ཡིན་ཟེ་འབྲུའི་ཚོམས།།
ཞྭ་སྐུད་མ་ཡིན་མེ་ཏོག་ཤིང་།
༢༠༢༠/༧/༢༥/ཉིན་སྤེལ།