སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞང་ཞུང་སྒོ་ཕུགས་བར་གསུམ་ངོས་འཛིན་སྟངས་སྐོར།
[ 2020/6/5 9:02:00 | By: vase ]
 

 ཞང་ཞུང་སྒོ་ཕུགས་བར་གསུམ་ངོས་འཛིན་སྟངས་སྐོར།  



མཁར་སྤ་ཚང་། སྨན་དགེ་ཚུལ་ཁྲིམས་རྒྱལ་མཚན།



   སྤྱིར་ཞང་ཞུང་ཞེས་པ་སྒྲའི་འཇུག་གཞི་ལ་གཉིས་སུ་མཆིས་ཏེ། ཞང་ཞུང་ཕུག་པ་རྟག་གཟིགས་འོལ་མོ་ལུང་རིང་སངས་རྒྱས་བྱོན་པའི་དག་ཞིང་དངོས་ལ་ངོས་འཛིན།  བར་པ་ནི་རྒྱ་མཁར་བར་ཆོད་ཅེས་པ།  མང་ཆེ་བས་ད་ལྟ་ཏ་སིག་གམ་སྟག་གཟིག་ཅེས་པའི་ཡུལ་ལ་ངོས་འཛིན་བྱེད་ཀྱི་ཡོད།  བཤད་ལུགས་གཉིས་པ་གནའ་དུས་ཞང་ཞུང་རྒྱལ་ཁབ་ཅེས་ཞང་ཞུང་དངོས་ཀྱི་ཡུལ་ནི་ཞང་ཞུང་སྒོ་པ་འདི་ཡིན་ཏེ། འདི་ལའང་སྒོ་ཕུག་བར་གསུམ་ཡོད་པའི་ཕུག་པ་ནི་ཁྱུང་ལུང་དངུལ་མཁར་སོགས་མཁར་ལྔ་རྫོང་བཞི་ཡུལ་ཆེན་ཡུལ་ཕྲན་གྲངས་མང་ཞིང་རྒྱལ་པོ་ཡང་བྱ་རུ་ཐོགས་པའི་རྒྱལ་པོ་བཅོ་བརྒྱད་སོགས་རྒྱལ་རབས་བཞི་བཅུའི་ལོ་རྒྱུས་ཡོད་ལ། མངའ་འབངས་ལའང་ཁྲི་སྡེ་བརྒྱད་ཅུ་སོགས་ཀྱི་བཤད་པ་ཡང་ཡོད། བར་པ་རྟ་སྒོ་དང་རའི་ཕྱོགས་དང་། སྒོ་པ་ནི་ཁྱུང་པོ་རི་རྩེ་དྲུག་ཡན་དང་སུམ་པའི་ཡུལ་ཆ་ཤས་དེར་གཏོགས་ཡོད་པ་སོགས་འདིར་རྒྱས་སྤྲོས་སུ་མི་ཞུ། མདོར་ན་གནའ་དུས་སུ་གྲགས་ཆེའི་རྒྱལ་ཁབ་ཅིག་དང་། སྐད་ཡིག། རིག་གནས།  ཤེས་རིགས་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་ངོས་འཛིན་བྱེད་ཆོག 


ཞང་ཞུང་ཡུལ་གྱི་བོན་གཤེན་མཁས་པ་རྣམས་ཀྱི་རྫུ་འཕྲུལ་གྱིས་འོལ་མོའི་གླིང་དུ་ཕེབས་ནས་དག་པ་ལྷ་ཡི་སྐད་ལས་ཞང་ཞུང་སྐད་དུ་བཀའ་སྡེ་སྣོད་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་ཏེ་གཤེན་བསྟན་དར་རྒྱས་མཛད་པའི་ལོ་རྒྱུས་ཡོད་པ་མ་ཟད། མཁས་པའི་རྒྱན་དྲུག་དང་ཞང་ཞུང་སྟོང་རྒྱུང་གིས་མཛད་པའི་སྦྱར་དཔེ་འགའ་ཤས་ད་དུང་མཐོང་རྒྱུ་ཡོད། ཅེས་དང་།  (ཡོངས་རྩེ་ཀློང་ཆེན། དགོངས་རྒྱུད་དྲུག་གི་ཀླད་དོན།བླ་མ་ལི་ཤུའི་ལོ་རྒྱུས་ལས། དེ་ནས་སྤྲུལ་པའི་སྐུ་དེ་འགྲོ་བའི་དོན་མཛད་པར་དགོངས་ནས། རྟག་གཟིགས་ཀྱི་ཡུལ་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་འཁྲུངས་གནས་འོལ་མོ་ལུང་རིང་དུ་བྱོན།   དམུ་ཚ་ཏྲ་ཧེ་ཆེན་པོ་ལ་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུའི་ལོ་ཙྭའི་སྐད་སྦྱངས། བར་པོ་སོ་བརྒྱད་དུ་སྒོ་བཞི་མཛོད་ལྔའི་རྒྱུད་གསན། སྐུ་ཚབ་རྒྱལ་བ་དོན་གྲུབ་ཀྱིས་ཤམ་པོ་ལྷ་རྩེ་རུ་ལུང་ཀུན་རྫོགས་པར་གནང་། ཚེ་དབང་ཀུན་འོད་རྒྱལ་པོས། ཁྲི་སྨོན་རྒྱལ་བཞད་དུ་ངོ་སྤྲད་པས། བོན་ཉིད་མ་དང་མཇལ། མེ་ཏོག་མཛེས་པའི་གླིང་ལ་དཀའ་ཐུབ་མཛད་ནས་རིག་པ་སྲང་དུ་བཅུག གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་སྒོམ་པ་ཐང་བཅད་པས་ཉམས་གསུམ་དྲོད་བཞི་རྟགས་དྲུག་མངོན་དུ་གྱུར། ཞེས་དང་། ལི་ཤུ་ལོ་སྟོང་དང་ཉིས་བརྒྱའི་དུས་སུ། རྟག་གཟིགས་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་གཅིག ཁྲུང་ཁྲུང་དང་ཀང་ཀ་བྱ་རྒོད་དུར་བྱ་ལ་བཀལ་ནས། དྲོ་ཐེབས་གཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབས་གཅིག་གིས་བསམ་ཡས་སུ་ཕེབས།   རྒྱལ་པོའི་བླ་མཆོད་མཛད་དོ།  ཞེས་སོ།།

ལེགས་བཤད་མཛོད་ལས། འོལ་མོའི་གླིང་ནས་ཡུལ་སྤྱི་དང་བོད་ཡུལ་དུ་བསྟན་པ་དར་ཚུལ་བཤད་པ་ལ།   མདོ་འདུས་ལས། འོལ་མོའི་གླིང་གི་བཀའ་དང་རྗེས་སུ་བསྟན་པའི་བོན། ལོ་ཙཱ་བ་དྲུག་གིས་གཡུང་དྲུང་ལྷའི་སྐད་ལས། རང་རང་ཡུལ་དུ་སྐད་རིགས་སོ་སོར་བསྒྱུར། ཞེས་པ་ལྟར་འོལ་མོའི་གླིང་དུ་སྟོན་པས་གསུངས་པའི་བཀའ་རྣམས་དང་། བསྒྲགས་པ་གསུམ་གྱི་བོན་སྡེ་ཟབ་མོ་རྣམས་སྟོན་པ་འདས་རྗེས་སུ་འོལ་མོའི་གླིང་དུ་དར་བ་དེ་དག་ཀུན་ལོ་ཙཱ་བ་ཆེན་པོ་དྲུག་གིས་མུ་ཆོའི་མདུན་དུ་ཤེས་རབ་གསུམ་ལ་རྩལ་སྦྱངས་ཏེ་བོན་རྣམས་རང་རང་གི་ཡུལ་དུ་དྲངས་ནས་སོ་སོར་སྐད་དུ་བསྒྱུར་ནས་དར་བར་མཛད་དོ། དེ་ཡང་ལོ་ཙཱ་བ་དྲུག་ནི། མདོ་འདུས་དང་རྩ་རྒྱུད་ཉི་སྒྲོན་མཐུན་པར། གདུང་སོབ་མུ་ཆོའི་ཤེས་པའི་རྒྱུད་སྦྱངས་ཤིང་། མཁས་པའི་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པ།རྟག་གཟིགས་ཀྱི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེར་པེ། ཞང་ཞུང་ལ་ཁྲི་ཐོག་སྤ་ཙ། སུམ་པ་ལ་གུ་ཧུ་ལི་སྤར་ལེགས། རྒྱ་གར་ལ་ལྷ་བདག་སྔགས་དྲོ། རྒྱ་ནག་ལ་ལེགས་ཏང་རྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དང་དྲུག་གོ ཞེས་སོ། སྒྲ་སྐད་ཇི་ལྟར་བསྒྱུར་བ་ནི། གཡུང་དྲུང་ལྷའི་སྐད་ནི། དམུ་གཤེན་ལྷའི་གསུངས་ལས་ཆད་པ་སྟེ་རྒྱལ་ས་ཕོ་བྲང་གླིང་བརྒྱད་ཀྱི་མི་རྣམས་ཀྱི་སྐད་དོ། དེ་ལས་སྐད་རིགས་སུམ་བརྒྱ་དང་དྲུག་ཅུར་བསྒྱུར་ཏེ་བརྒྱ་དང་དྲུག་ཅུ་རྩ་བཞི་ནི་འོལ་མོའི་གླིང་ན་ཡོད་ལ། བརྒྱ་དང་དགུ་བཅུ་རྩ་དྲུག་ནི་འོལ་མོའི་གླིང་གི་གངས་དབལ་སོ་ར་བའི་ཕྱི་རོལ་དུ་ཡོད་དོ། ཞེས་སོ།


ཡང་རྟག་གཟིགས་འོལ་མོའི་གླིང་ནས་རྒྱ་གར་དང་རྒྱ་ནག་དང་ཞང་ཞུང་དུ་དར་ལ། དེ་གསུམ་ནས་བོད་ཡུལ་དུ་དར་བ་སྟེ། བདལ་འབུམ་ལས། སྟོན་པ་མྱ་ངན་འདས་རྗེས་ན་གསུང་རབ་འདི་རྣམས་ཀྱང་ལྷོ་ཕྱོགས་སུ་འབྱུང་བར་འགྱུར་རོ།  དེ་ནས་ཤར་དུ་འབྱུང་ངོ་།  དེ་ནས་བྱང་དུ་འབྱུང་ངོ་། ཞེས་པའི་བྱང་ཕྱོགས་ནི་བོད་ཁ་བ་ཅན་ནོ། དེ་ལྟར་ཡང་ཐེག་རིམ་གསལ་སྒྲོན་ལས། རྟག་གཟིགས་ནས་རྒྱ་དཀར་ནག་དང་ཞང་ཞུང་དུ་འགྱུར། དེ་གསུམ་ནས་བོད་དུ་འགྱུར་བས་སུམ་འགྱུར་རོ། ཞེས་སོ། འོན་ཀྱང་སུམ་འགྱུར་ཁོ་ནར་མ་ངེས་ཏེ། ཁྲི་བདུན་གྱི་སྐུ་རིང་ལ་རྟག་གཟིགས་ནས་བོད་དུ་འགྱུར་བའང་ཡོད་དེ། ཉི་སྒྲོན་ལས།   ལྷ་སྲས་ཁྲི་བཙན་སྡེའི་སྐུ་རིང་ལ། ཁྱུང་པོ་སྟག་སྒྲ་དོན་གཙུག གཉན་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ།   གཅོ་བོན་ཁྲི་གཙུག་དང་བཞིས་རིན་ཆེན་གསེར་ཕྱེ་ཁྱེར་ནས་སྐད་རིགས་མི་མཐུན་པའི་ཡུལ་མང་པོར་བགྲོད་དེ་གཡུང་དྲུང་དགུ་བརྩེགས་ལ་སོགས་རྟག་གཟིགས་ཀྱི་ཡུལ་དུ་ཕྱིན། རྟག་གཟིགས་ཀྱི་མཁས་པ་སད་སྤུངས་དུན། གྱེར་སངས་ལ་སོགས་ལོ་ཙཱ་བ་དགུ་དང་། མཁས་པ་མི་དགུ་དང་། དཔོན་གསས་མང་པོའི་ཞལ་སྔ་འགྲིམ། རྟག་གཟིགས་ཀྱི་གཤེན་པོ་རྣམས་ལ་ནོར་གྱིས་ཕོངས་པ་མེད་ཀྱང་བོན་གྱི་ཆེ་བ་འབྱིན་པའི་ཕྱིར་གསེར་གྱི་མཎྜལ་ཕུལ་ནས་གསང་སྔགས་སྤྱི་སྤུངས་བསྒྲགས་པ་གསུམ་གྱི་བོན་རྣམས་ཞུས་བཞིན་གནང་བ་ལ། རྒྱུད་ཆེན་བརྒྱད་ཅུ་རྩ་དྲུག ཡན་ལག་གི་རྒྱུད་སུམ་བརྒྱ། ལེའུ་ཁྲི་དྲུག་སྟོང་། བོན་སྐྱོང་སྲོག་སྒྲུབ་སྐོར་ལེའུ་ལྔ་བརྒྱ་རྣམས་སྟག་གཟིག་གི་སྒྲོ་བར་སྩལ་ནས་བསྭེ་ཡི་སྒྲོམ་བུར་བཅུག ཀུ་ཧྲང་། ཤང་ཤང་། ཀང་ཀ བྱ་རྒོད་ཀྱི་ཁལ་བཞི། ཕྱི་དབལ་ཕུར་ནག་པོ་དང་། ནང་ལྟ་བ་སེམས་ཉིད་གཏན་ལ་ཕབ་པའི་ལེའུ་སུམ་བརྒྱ་དྲུག་ཅུ་བྱ་རྒོད་ཀྱི་ཁལ་གསུམ། དབལ་རམ་རོལ་པ་འབུམ་པ་གེ་ཁོད་སྲུང་མ་དང་བཅས་པའི་རྒྱུད་དང་། སྒྲུབ་སྐོར་ཀུ་ཧྲང་ཁལ་གཉིས་སོགས། སྤྱིར་བོན་གྱི་གསང་སྡེ་ཆེན་པོ་ཉི་ཤུ་རྩ་བརྒྱད་རྟག་གཟིགས་བོན་གྱི་ཡུལ། འོལ་མོ་ལུང་རིང་གི་དབུས། གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་ནས་འོངས་ཏེ།   ལི་བལ་ཞང་ཞུང་གང་གི་ཡུལ་དུའང་མ་བསྡད་པར་བོད་ཡུལ་མངའ་རིས་སྐོར་གསུམ་ན་ཕེབས་སོ། དེ་ནས་གཙང་དབུས་མདོ་ཁམས་ཀུན་ཏུ་དར་ཞིང་རྒྱས་ཏེ། ལི་ཤུ་སྟག་རིང་ལ་སོགས་མཁས་པ་མི་བཞི་ལ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཞིར་གྲགས་སོ། ཞེས་སོགས་དང་། འདུལ་བའི་ལུང་དང་སྡེ་སྣོད་ཁ་ཅིག་ནི་རྫུ་འཕྲུལ་ཡེ་ཤེས་ཀྱིས་རྟག་གཟིགས་ནས་ཞང་ཞུང་དུ་བསྒྱུར་བར་འདུལ་བ་གླིང་གྲགས་ལས་བཤད་དོ། ཞེས་སོ།  ( རྟག་གཟིགས་མཁན་པོ་བརྒྱད་ནི།  དམུ་ཙ་ཏྲ་ཧེ།  ཁྲི་ལྡེ་འོད་པོ།  ལྷང་ལྷང་གཙུག་ཕུད། དང་བ་ཡིད་རིང་།  ཐུགས་ཀར་ཡེ་ཤེས། གུང་རུམ་ཡེ་ཤེས།འོད་ལྷ་གསལ་འབར། རྫུ་འཕྲུལ་ཡེ་ཤེས་དང་བརྒྱད་དོ།གཉིས་པ་རྒྱ་གར་དུ་བོན་དར་ཚུལ་ནི། རྒྱ་གར་གྱི་བོན་སྐོར་རྣམས་དང་པོ་རྟག་གཟིགས་ཀྱི་ཡུལ་འོལ་མོའི་གླིང་ནས་ཞང་ཞུང་ཡུལ་དུ་བྱུང་ཞིང་། དེ་ནས་རྒྱ་གར་དུ་དར་བ་སྟེ། མཛོད་ཀུན་ལས་བཏུས་པའི་འགྲེལ་པ་ལས། རྒྱ་གར་མ་རྣམས་ཀྱང་དང་པོར་ཞང་ཞུང་གི་གཤེན་པོ་ག་ཁྱུང་སྤུངས་པ་ལ་དངོས་གྲུབ་ཏུ་བབ་པ་ལ། རྒྱ་གར་བ་གསས་འོད་གཡུང་དྲུང་གི་རིང་ལ་རྒྱ་གར་དུ་འགྱུར་བ་གསུངས་སོ།།   


མ་རྒྱུད་སྒོམ་འགྲེལ་ཉི་དཀྱིལ་ལས། བྱེ་བྲག་རྒྱུད་སྡེ་འདི་སྐད་གང་ནས་གང་དུ་བསྒྱུར་བའི་རྣམ་གྲངས་ལ་ལྔ་སྟེ།  གཡུང་དྲུང་ལྷའི་སྐད།  སང་ཀྲི་ཏའི་སྐད། རྟག་གཟིགས་བོན་གྱི་སྐད།  ཞང་ཞུང་སྨར་གྱི་སྐད།སྤུ་རྒྱལ་བོད་ཀྱི་སྐད་དོ། དེ་ལ་དང་པོ་གཡུང་དྲུང་ལྷའི་སྐད་དུ་བྱུང་བ་ཡིན་ཏེ། བོན་ཉིད་གཡུང་དྲུང་གི་དབྱིངས་སུ།  ཀུན་ཏུ་བཟང་པོ་ལ་ཀུན་ཏུ་བཟང་མོ་ལས་སོགས་མཁའ་འགྲོ་མ་རྣམས་ཀྱིས་ཞུས་སོ། དེ་ནས་སང་ཀྲི་ཏའི་སྐད་དུ་བྱུང་སྟེ།  སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡུམ་བཟང་ཟ་རིང་བཙུན་ལ་བརྒྱུད་དོ།   དེ་ནས་རྟག་གཟིགས་བོན་གྱི་སྐད་དུ་བྱུང་བ་ཡིན་ཏེ། གཤེན་ཡུལ་འོལ་མོ་ལུང་རིང་དུ་གསང་བ་འདུས་པ་ལ་བཤད་པའོ།  དེ་ནས་ཞང་ཞུང་སྨར་གྱི་སྐད་དུ་དར་བ་ཡིན་ཏེ། རྒྱ་མཁར་བ་ཆོད་དུ་མི་ལུས་བསམ་ལེགས་ལ་བསྟན་པའོ།  དེ་ནས་སྤུ་རྒྱལ་བོད་ཀྱི་སྐད་དུ་གྲགས་པ་ཡིན་ཏེ། ཞང་ཞུང་གི་པན་ཆེན་སད་ནེ་གའུས་བོད་ལ་བསྒྱུར་བའོ། ཞེས་དང་། དེ་ལ་ཞང་ཞུང་ལ་སྐད་རིགས་མང་ཡང་བསྡུས་ན་གསུམ་སྟེ།   ཕུག་པ་ཡི་སྐད་དེ་ཀ་པི་ཏ་ལྷ་ལས་ཆད་པས། ལྷའི་སྐད་ཡིན་ནོ། བར་པའི་སྐད་དེ་སང་ཀྲི་ཏ་ལྷ་ལས་ཆད་པས་སུམ་ཅུ་རྩ་གསུམ་པའི་སྐད་ཡིན་ནོ། སྒོ་པའི་སྐད་དེ་སྐལ་བཟང་སྒྲ་བླ་ལས་ཆད་པས་སྨར་གྱི་སྐད་ཡིན་ནོ། ཞེས་སོགས་དང་། སྤྱིར་བསྟན་པ་འདི་དར་བའི་གནས་ཆེན་གསུམ་ལ་སྐད་དེ་ལྟར་ཡོད་དེ། རྟག་གཟིགས་ན་ཤམ་པོ་ལྷ་རྩེ། ཞང་ཞུང་བར་པ་ན་རྒྱ་མཁར་བ་ཆོད། སྒོ་པ་ན་ཁྱུང་ལུང་དངུལ་མཁར། དེ་དག་ཀུན་ཏུ་གཏུག་པའི་སྐད་དུ། ཞང་ཞུང་གི་པཎྚིཏ་སད་ནེ་གའུ་ནི་སྒོ་པའི་བོན་པོ་ལྷ་ལས་བབ་པའི་རྒྱུད་ཡིན་པས། བར་པའི་མཁས་པ་ཆེན་པོ་ཨ་ནུ་འཕྲག་ཐག་ལ་གཏུགས་ནས་ལོ་ཙཱ་སྦྱངས་ཤིང་རྒྱུད་འདི་ཞུས་པའོ།   ཞེས་དང་། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་རྒྱུད་པ་ལ་གསུམ་ལས་མ་སོང་བ་ལ། ཕུག་པའི་སྣང་བ་མདོག་ཅན། བར་པའི་ཨ་ནུ་འཕྲག་ཐག སྒོ་པའི་སད་ནེ་གའུ་འོ། ཞེས་སོ།།  ལེགས་བཤད་མཛོད་ལས། ཡུལ་དབུས་ཀྱི་ཆགས་ལུགས་ལ་གཉིས་གསུངས་ཡོད་ཏེ། ཡོན་ཏན་གྱི་ཡུལ་དབུས་དང་། ས་ཚིགས་ཀྱི་ཡུལ་དབུས་སོ།  དང་པོ་ནི། རྟག་གཟིགས་འོལ་མོ་ལུང་རིང་ཞེས་བྱ་བ་ཡིན་ཏེ། ཕྱོགས་གང་དུ་ཡོད་ཅེ་ན།   མདོ་འདུས་ལས།  འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་བུ་པྲིཀྵ་ཤིང་གི་རྩར། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་འགོ   སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་དགུ་འདུས་ར་བ་སྟེ།ཆུ་བོ་པཀྵུ་སིདྷུས་བཅད། དུས་གསུམ་སྟོན་པ་བྱོན་པའི་ཞིང་། ཞེས་པའི། ཏི་སེ་ལ་ཡོན་ཏན་དབུས་རྟག་གཟིགས་ན་ཡོད་པའི་ཏི་སེ་དང་། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས། ལུང་འདིའི་ཏི་སེ་དང་མཚོ་མ་པང་སྤོས་རི་ངད་ལྡན་སོགས་ནི་རྟག་གཟིགས་ན་ཡོད་ལ། ཆུ་བོ་ཆེན་པོ་བཞི་ཡང་རྟག་གཟིགས་ནས་འབབ་པའོ། སྟོན་པས་གསས་ཁང་དཀར་ནག་བཀྲ་གསལ་དུ་སྐུ་གསུང་ཐུགས་རྟེན་རྣམས་བསྟན་པ་རྗེས་བཞག་མཛད་གྲུབ་ནས་བཟུང་།   ལོག་པའི་སྡེས་མ་བཅོམ་པར་ལྷ་ཀླུ་མི་གསུམ་གྱི་ཡུལ་དང་། ཁྱད་པར་ཧོས་ཡུལ་འོལ་མོའི་གླིང་དུ་ད་ལྟར་བསྟན་པ་དར་རྒྱས་སུ་བཞུགས་ཤིང་། ཕྱིན་ཆད་ཀྱང་སྐུ་གསུང་ཐུགས་ཀྱི་བསྟན་པ་མ་རྫོགས་ཀྱི་བར་དུ་བོན་མི་ནུབ་པ་ཉིད་ཀྱི་ལུང་བསྟན་པ་སྟེ།  མདོ་འདུས་ལས།  མཐའ་ནི་ང་ཡི་བསྟན་པ་འདི། ཧོས་ཡུལ་ཀླུའི་ཡུལ་མིའི་ཡུལ་དུ། བརྒྱུད་ནས་འབྱུང་སྟེ་དར་རྒྱས་འགྱུར། ཞེས་སོ།  དམུ་རིགས་རྒྱལ་པོའི་བརྒྱུད་པ་སྟོན་པ་ཉིད་ཀྱི་སྐུའི་སྲས། རྒྱལ་སྲས་ཀོང་ཚ་དབང་ལྡན་གྱི་གདུང་བརྒྱུད་ཀྱང་མ་ཆད་པར། ད་ལྟར་འོལ་མོའི་གླིང་གི་རྒྱལ་ས་བར་པོ་སོ་བརྒྱད་དུ་དམུ་རིགས་རྒྱལ་པོ་བཞུགས་ཤིང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་གྱི་འགྲོ་དོན་རྒྱུན་མི་འཆད་པར་མཛད་པ་སྟེ།  མདོ་དྲི་མེད་ལས། རྒྱལ་སྲས་ཀོང་ཚ་དབང་ལྡན་ཁྱོད། གདུང་འཚོབ་ཆེན་པོ་མ་བྱོན་བར།   བར་པོ་སོ་བརྒྱད་བདག་ཏུ་མཛོད། དེ་ནས་གདུང་འཚོབ་བྱོན་པའི་དུས། ཆབ་ནག་བཞེད་མང་ལོ་གསུམ་ཤོད།  དེ་ནས་གྲོང་ཁྱེར་ཡངས་པ་རུ། ཕྱི་རབས་སྟོན་པ་མ་བྱོན་བར། མིའི་རྗེ་སྲིད་པའི་གདུང་བརྒྱུད་སྤེལ།   རྒྱལ་རིགས་དམུ་ཡི་རྒྱལ་ས་ཟུངས། དེ་ནས་ཕྱི་རབས་བྱོན་པའི་དུས། བདག་གི་བསྟན་རྟིང་རྫོགས་པའི་དུས།  བོན་ཉིད་དབྱིངས་སུ་འཚང་རྒྱ་འགྱུར། ཞེས་སོ།། ཞིང་གཞན་ལས་ཞིང་ཁམས་འདི་ཉིད་ཁྱད་དུ་འཕགས་པའི་ཡོན་ཏན་ཆེན་པོ་བདུན་ཡོད་དེ། གང་ཞེ་ན། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་སྐུ་གསུང་ཐུགས་ཀྱི་བསྟན་པ་མ་རྫོགས་བར་དུ་བརྟན་པ་༡། ལོག་པ་གཞན་གྱིས་བསྟན་པ་བསྣུབ་མི་ནུས་པར་བསྟན་པ་གནས་པ་༢། ཞིང་དེའི་མི་རྣམས་ལོག་པའི་ཆོས་སྒོར་བཅུག་མི་ནུས་པས་ལོག་ཆོས་སྤྱད་པ་མེད་པ་༣། རྫུ་འཕྲུལ་ཅན་མ་གཏོགས་ལོག་པའི་སྡེ་དང་གཞན་དག་གང་གིས་ཀྱང་དབལ་སོ་གངས་ཀྱི་ར་བ་ལས་བརྒལ་མི་ནུས་པས་ཕལ་གྱིས་སྤྱོད་ཡུལ་དུ་མ་གྱུར་པ་༤། སངས་རྒྱས་ཀྱི་བསྟན་པ་མ་རྫོགས་ཀྱི་བར་དུ་དགེ་སྤྱོད་ཀྱི་སྲོལ་མི་ཉམས་པ་༥། ཞིང་དེར་སྐྱེས་པའི་མི་རྣམས་མི་ཁོམ་པའི་གནས་དང་ངན་སོང་སོགས་ལོག་པར་མི་ལྟུང་བ་༦། ཀུན་ཀྱང་དག་པའི་ཞིང་ནས་ཞིང་དུ་བགྲོད་པའི་མཐར་མངོན་འཚང་རྒྱ་བ་སྟེ་དོན་རྣམ་པ་བདུན་གྱིས་འཕགས་པའི་ཚུལ་དོན་ལ་གནས་པའོ།།    

ཞེས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ངོས་འཛིན་ལུགས་འདི་ནི་རང་གཞུང་རྒྱལ་བའི་བཀའ་ལུང་དྲི་མ་མེད་པ(མ་རྒྱུད་སྒོམ་འགྲེལ་ཉི་དཀྱིལ་དང་ཡོངས་རྩེ་ཀློང་ཆེན)  བཅས་ཀྱི་དགོངས་དོན་དང་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་ཤར་རྫ་པ་དང་རྩ་བླ་བསྟན་འཛིན་དབང་གྲགས་རིན་པོ་ཆེ་མཆོག་གི་འདོད་སྟངས་བཅས་ལ་གཞིར་བཟུང་ནས་འཚོ་བྱེད་མིང་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་དཔལ་རྩེ་དྲུག་གནས་གྱི་སྐུ་མདུན་ནས་བྲིས་པའོ།།  

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.