སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མ་ཡིན་དགག་གི་ཟུར་གླེང་།
[ 2020/6/5 20:21:00 | By: vase ]
 

             མ་ཡིན་དགག་གི་ཟུར་གླེང་།      

 

༧   ཀུན་གསལ་དོན་རྟོགས་ཀྱི་མཁྱེན་ལྡན་པ་མིན་པའི་གཞན་གང་ཟག་གང་གིས་ཡང་དག་གནས་ལུགས་བདེན་པའི་དྲང་ངེས་ཀྱི་དོན་གང་ཞིག་གཏན་ལ་དབབ་ནས་ཐོས་བསམ་སྒོམ་སོགས་ཅི་རིགས་པའི་ངེས་ཤེས་རང་རྒྱུད་དུ་རྙེད་པ་ལ། ལྡོག་ཕྱོགས་ཀྱི་དགག་བྱ་མ་བསལ་ན་དྲང་ཕྱོགས་ཀྱི་སྒྲུབ་བྱ་འགྲུབ་མི་སྲིད་པས། གྲངས་སུ་མེད་པའི་ཤེས་བྱ་གང་ཞིག་ཡིན་ཀྱང་ཚད་མ་གང་གིས་རྟོགས་བྱ་དགག་སྒྲུབ་གཉིས་ལ་མ་འདུས་པ་མེད་ལ། གང་ཞིག་གཏན་ལ་དབབ་པར་བྱེད་པའི་རྟགས་ཀྱི་བྱེད་པ་ཡང་དགག་སྒྲུབ་གཉིས་ལ་མ་འདུས་པ་མེད་པ་རང་ལུགས་ཀྱི་ཡིག་ཆ་ཚད་ལྡན་ལས་གསལ་བའོ།། ཁོ་བོས་འདིར་བཤད་བྱ་གཙོ་བོ་དེ་ནི་ཡུལ་དགག་སྒྲུབ་གཉིས་ལས་འཕྲོས་པའི་རང་ལུགས་མཁས་པ་རྣམས་ཀྱིས་གསུང་ཚུལ་ལ་མ་ཡིན་དགག་དང་སྒྲུབ་པའི་མཚན་ཉིད་བསྟན་ཕྱོགས་སྐོར་ཅུང་ཙམ་མི་མཐུན་པ་དེ་གླེང་བ་ལ། དང་པོ་མཁས་པས་གསུང་པ་རྣམས་སྔོན་དུ་བཀོད་ནས། གཉིས་པ་རང་གི་བསམ་ཚུལ་ཕྲན་བུ་ཞིག་གླེང་རྒྱུ་ཡིན།  འགྲོ་མགོན་བླ་མས། མ་ཡིན་དགག་དང་སྒྲུབ་པ་གཉིས་ཀྱི་མཚན་ཉིད་སོ་སོ་ནས་མ་བསྟན་པར་མཚན་ཉིད་གཅིག་གི་དབང་དུ་བསྟན་པ་དང་། རྗེ་དང་ཀུན་མཁྱེན་མཆོག་གིས་མ་ཡིན་དགག་དང་སྒྲུབ་པ་གཉིས་ཀྱི་མཚན་ཉིད་སོ་སོ་ནས་བསྟན་པའོ།།  དང་པོ་ལ།  འགྲོ་མགོན་བླ་མས། རང་ལྡོག་དངོས་སུ་རྟོགས་པ་ལ་དགག་བྱའི་དོན་སྤྱི་ཤར་བ་ལ་ལྟོས་ནས་རྟོགས་པར་བྱ་རུང་ནི། མེད་དགག་གི་མཚན་ཉིད་ལ། རང་ལྡོག་དངོས་སུ་རྟོགས་པ་ལ་དགག་བྱའི་དོན་སྤྱི་ཤར་བ་ལ་མ་ལྟོས་ནས་རྟོགས་པར་བྱ་རུང་ནི། མ་ཡིན་དགག་གི་མཚན་ཉིད་དོ།།  ཞེས་གསུངས་པ་འདི། འགྲོ་མགོན་བླ་མས་དབྱེ་གཞི་དགག་པ་ཙམ་ལ། དབྱེ་ངོ་མ་ཡིན་དགག་དང་མེད་དགག་གཉིས་སུ་མ་ཕྱེས་ནས་མ་ཡིན་དགག་དང་སྒྲུབ་པ་དོན་གཅིག་ཏུ་འདོད་པའི་དབང་དུ་བཏང་ནས་གསུངས་པ་ཡིན་པར་སྙམ། མ་ཡིན་དགག་དང་སྒྲུབ་པ་གནད་གཅིག་ཏུ་འདོད་པ་དེ་ཡང་སྒྲུབ་པ་ཡིན་ཚད་རང་མ་ཡིན་པའི་དགག་བྱ་དང་། རང་དང་མི་འགལ་བའི་དགག་བྱ་དང་། རང་དང་མ་འབྲེལ་བའི་དགག་བྱ་སོགས་དངོས་སུ་བཀག་པ་ལ་མ་ལྟོས་པར། བོན་རང་གི་ངོ་བོ་མཐོང་བ་ལ་གང་གི་དགག་བྱ་སོགས་རང་བཞིན་གྱིས་ཁེགས་པ་ལས། སྒྲུབ་པ་དང་མ་ཡིན་དགག་གི་རིགས་ཐམས་ཅད་རང་གི་དངོས་ཀྱི་དགག་བྱ་བཀག་ནས་འཇོག་མི་དགོས་པའི་དབང་གིས་སྒྲུབ་པ་དང་མ་ཡིན་དགག་གི་མཚན་ཉིད་གནད་གཅིག་ཏུ་གཞག་པ་ཡིན་འགྲོ་སྙམ།།  ཚད་མ་ཀུན་བཏུས་ནང་གི་དངོས་བསྟན་གྱི་དགག་སྒྲུབ་བསྟན་བའི་སྐབས་སུ། རང་ལྡོག་དངོས་སུ་རྟོགས་པ་ལ་དགག་བྱའི་དོན་སྤྱི་ཤར་བ་ལ་མ་ལྟོས་ནས་རྟོགས་པར་བྱ་རུང་ནི། མ་ཡིན་དགག་གི་མཚན་ཉིད་ལ། མ་ཡིན་དགག་གམ་སྒྲུབ་པའི་མཚན་ཉིད་ནི། རང་ལྡོག་དངོས་སུ་རྟོགས་པ་ལ་དགག་བྱའི་དོན་སྤྱི་ཤར་བ་ལ་མ་ལྟོས་པར་རྟོགས་པར་བྱ་རུང་དེ་མ་ཡིན་དགག་གམ་སྒྲུབ་པའི་མཚན་ཉིད་བཞག་པས་སོ།།  མཚན་གཞི་ནི། དང་པོ་དགག་པའི་མཚན་གཞི། བུམ་མེད་དང་། གཉིས་པ་མ་ཡིན་དགག་གམ་སྒྲུབ་པའི་མཚན་གཞི། བུམ་པ་དང་ཀ་བའོ།། ཞེས་གསུངས།  འདི་གཉིས་བློ་ལ་ལྟོས་ནས་དང་། མ་ལྟོས་ནས་ཡིན། རང་ལྡོག་དངོས་སུ་རྟོགས་པར་་་་་་་བུམ་པའི་དོན་སྤྱི་ཤར་བ་ལ་ལྟོས་ནས་རྟོགས་པར་བྱ་རུང་བུམ་མེད་ཡིན་པས་ན་བུམ་མེད་མེད་དགག་གི་མཚན་གཞིའོ།། དེ་བཞིན་བུམ་པ་ཡང་མ་ཡིན་དགག་གི་མཚན་གཞི་ཡིན་པ་ཡང་། བུམ་པ་རང་གི་དོན་སྤྱི་ཤར་བ་ལ་བུམ་མེད་ཀྱི་དོན་སྤྱི་ཤར་བ་ལ་མ་ལྟོས་པར་རྟོགས་པས་ན་ཡིན་ནོ།། ཞེས་གསུངས་སོ།།   གཉིས་པ་ལ། རྗེ་རིན་པོ་ཆེ་དང་ཀུན་མཁྱེན་རྣམ་གཉིས་ཞལ་གཅིག་མཐུན་དུ་འདོད་པ་ལ། དང་པོ་ནི།  སྤྱི་འཆར་དེ་མིན་སྤྱི་འཆར་ལ།། ལྟོས་དང་མི་ལྟོས་དགག་སྒྲུབ་ཡིན།།  ཅེས་པའི། བུམ་མེད་མཚན་གཞི། དགག་པ་ཡིན་པར་མཚོན།  ཁྱོད་ཀྱི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ཁྱོད་མ་ཡིན་པའི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ལྟོས་པའི་བོན་ཡིན་པས་སོ།། བུམ་པ་མཚན་གཞི། སྒྲུབ་པ་ཡིན་པར་མཚོན། ཁྱོད་ཀྱི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ཁྱོད་མ་ཡིན་པའི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་མི་ལྟོས་པའི་བོན་ཡིན་པས་སོ།། ཞེས་གསུངས་པ་དང་། དགག་པ་རྣམ་གཉིས་མེད་མ་ཡིན།།  ཞེས་དགག་པ་ལ་དབྱེ་ན་གཉིས་སུ་བསྟན་པ་དང་།  མ་ཡིན་སྒྲུབ་བཀག་སྒྲུབ་པ་འཕེན།། ཞེས་པས། རི་མེད་པའི་ཐང་ངམ་། བུམ་པ་དག་པའི་ས་ཕྱོགས་མཚན་གཞི། མ་ཡིན་དགག་ཡིན་པར་མཚོན།  ཁྱོད་ཀྱི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ཁྱོད་མ་ཡིན་པའི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ལྟོས་པ་གང་ཞིག སྒྲུབ་པ་བཀག་ཤུལ་དུ་སྒྲུབ་པ་འཕེན་པའི་བོན་ཡིན་པས་སོ་ཞེས་གསུངས་པར་བརྟག་ན།  སྤྱིར་བཏང་མེད་དགག་ལ་དངོས་མེད་ཀྱིས་ཁྱབ་པ་དང་། མ་ཡིན་དགག་ལ་སྒྲུབ་པས་ཁྱབ་པ་དེ་ནི་རང་ལུགས་ཀྱི་མཁས་པ་འགྲོ་མགོན་སྤྱན་ལྡན་ཆེན་མོ་དང་། རྗེ་རིན་པོ་ཆེ་ཀུན་མཁྱེན་སོགས་ཞལ་གཅིག་མཐུན་དུ་འདོད་པར་སྣང་་ཡང་།  རྗེ་དང་ཀུན་མཁྱེན་སོགས་ཀྱིས། དགག་པ་རྣམ་གཉིས་མེད་མ་ཡིན།། ཞེས་པས་དགག་པ་ལ་དབྱེ་ན་མ་ཡིན་དགག་དང་མེད་དགག་གཉིས་བསྟན་པ་དེ་ཡང་། ཁོ་བོའི་བསམ་ཚུལ་ལ། དགག་པའི་དབྱེ་བ་གྱུར་པའི་མ་ཡིན་དགག་གམ་དགག་པའི་མིང་གི་བདག་རུང་ཙམ་གྱི་མ་ཡིན་དགག་དང་། སྤྱིར་མ་ཡིན་དགག་གཉིས་ལ་མུ་གསུམ་དུ་བརྩི་ནས་དང་པོ་ལ་ཕྱི་མས་ཁྱབ་ཀྱང་ཕྱི་མ་ལ་དང་པོས་མ་ཁྱབ་པར་དགོངས་ནས་བསྟན་པ་ཡིན་འགྲོ་སྙམ།  རྒྱུ་མཚན་གང་ཡིན་ཟེར་ན། རྗེ་རིན་པོ་ཆེ་མཆོག་དང་ཀུན་མཁྱེན་རྣམ་གཉིས་ཀྱིས་མ་ཡིན་དགག་གི་མཚན་ཉིད་བསྟན་སྐབས། ཀུན་མཁྱེན་མཆོག་གིས། དགག་པའི་མིང་གི་བདག་རུང་གང་ཞིག་སྦྱར་བ་དེ་དང་། རྗེ་རིན་པོ་ཆེས། ཁྱོད་ཀྱི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ཁྱོད་མ་ཡིན་པའི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ལྟོས་པ་གང་ཞིག་སྦྱར་བ་གཉིས་པོ་དེ་ཡང་དགག་པའི་དབྱེ་བར་གྱུར་པའི་མ་ཡིན་དགག་གམ་དགག་པའི་མིང་གི་བདག་རུང་ཙམ་གྱི་མ་ཡིན་དགག་ཡིན་ན།  གཙོ་བོ་བོན་རང་གི་དོན་སྤྱི་འཆར་བ་ལ་དངོས་ཀྱི་དགག་བྱའི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ལྟོས་མི་དགོས་པར་སོ་སོའི་དགག་བྱའི་ཕྱོགས་ཙམ་གྱི་དོན་སྤྱི་བློ་ཡུལ་དུ་འཆར་བ་ལ་ངེས་པར་ལྟོས་དགོས་པའི་གནད་ཀྱིས།  མ་ཡིན་དགག་ལ་དགག་པའི་མིང་གི་བདག་རུང་ཞེས་པ་དེ་དང་། ལྟོས་པ་གང་ཞིག་ཞེས་པའི་དོན་ཡང་རྒྱུ་མཚན་དེ་ལྟར་ཡིན་པས་གནད་ཀྱིས་ཡིན་འགྲོ་བསམ། རྗེ་དང་ཀུན་མཁྱེན་རྣམ་གཉིས་ཀྱིས་མ་ཡིན་དགག་གི་མཚན་གཞི་ལ་ཡང་། རི་མེད་པའི་ཐང་དང་། བུམ་པ་དག་པའི་ས་ཕྱོགས་ལྟ་བུ་དགག་བྱ་ཅི་རིགས་པ་ཞིག་བཀག་ཤུལ་དུ་འཕེན་པའི་སྒྲུབ་པ་རྣམས་མ་ཡིན་དགག་གི་མཚན་གཞི་གཞག་ཡོད་པ་དེ་ཚོ་ཡང་དགག་པའི་མིང་གི་བདག་རུང་ཙམ་གྱི་མ་ཡིན་དགག་གི་མཚན་གཞི་བཞག་པ་ལས། སྒྲུབ་པ་ཡིན་ཚད་དགག་པའི་དབྱེ་བར་གྱུར་པའི་མ་ཡིན་དགག་གི་མཚན་གཞི་འཇོག་མི་རུང་བའི་རྒྱུ་མཚན་ཡང་དེར་འབྲེལ་བ་ཞིག་ཡོད་པ་སྙམ། མ་ཡིན་དགག་དང་དགག་པའི་མཚན་ཉིད་ཟུར་དུ་དགག་བྱ་སྒྲུབ་པ་བཀག་ཤུལ་དུ་སྒྲུབ་པ་འཕེན་པ་དང་མི་འཕེན་ཞེས་པའི་སྐབས་ཀྱི་སྒྲུབ་པ་བཀག་རྒྱུ་དེ་ཡང་མཐའ་གཅིག་ཏུ་དགག་སྒྲུབ་གཉིས་ཀྱི་ནང་ཚན་དུ་གྱུར་བའི་སྒྲུབ་པ་ཁོ་ན་ཡིན་པས་ཁྱབ་པ་མེད་བསམ་བྱུང་། དགག་བྱ་བཀག་རྒྱུའི་སྒྲུབ་པ་དེ་ནི་རང་འཛིན་བློ་ཡིས་ཐོག་མར་ཡུལ་དུ་བྱེད་པ་ལ་རྣམ་གཅོད་ཡོངས་གཅོད་གཉིས་ལས་ཡོངས་གཅོད་བྱེད་ཡུལ་ཙམ་ལ་འཇོག་དགོས་པ་ལས་དེ་ལ་དགག་སྒྲུབ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྒྲུབ་པས་མ་ཁྱབ་བོ།། དཔེར་ན། བདག་མེད་དེ་དགག་བྱ་སྒྲུབ་པ་བཀག་ཤུལ་དུ་སྒྲུབ་པ་མི་འཕེན་པའི་བོན་ཡིན་ཀྱང་དེ་སྐབས་གང་བཀག་བྱའི་སྒྲུབ་པ་བདག་དེ་དགག་སྒྲུབ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྒྲུབ་པ་མ་ཡིན་ཀྱང་། རང་འཛིན་རྟོག་པས་རང་ཉིད་ཐོག་མར་ཡུལ་དུ་བྱེད་ནས་རང་གི་དོན་སྤྱི་འཆར་བ་ལ་རང་གི་དངོས་ཀྱི་དགག་བྱའི་རྣམ་པ་བཅད་པ་དང་།   རང་གི་དངོས་ཀྱི་དགག་བྱའི་དོན་སྤྱི་ཤར་བ་སོགས་ལ་རྒྱུད་མི་དགོས་པར་རང་འཛིན་བློ་ཡིས་ཡོངས་གཅོད་བྱེད་ཡུལ་ཙམ་ཡིན་པའི་ཆ་ནས་འཇོག་ཆོག་པར་སྣང་བས་མ་ཡིན་དགག་དང་སྒྲུབ་པ་གཞན་ལ་འང་རིགས་འདྲེས་ཤེས་པར་བྱ་དགོས་སོ།། ༢༠༢༠/༥/༢༨/ ཉིན་མོར་བསོད་ནམས་བློ་གྲོས་ནས་མཇུག་རྫོགས་པར་བྲིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.