སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་ལུགས་ཀྱི་མཆོད་པ་རྣམ་ལྔ་ཕུལ་བའི་ཕན་ཡོན་སྐོར་ཟུར་ཙམ་གླེང་བ།
[ 2022/2/16 14:52:00 | By: vase ]
 

བོན་ལུགས་ཀྱི་མཆོད་པ་རྣམ་ལྔའི་ཕན་ཡོན་སྐོར་ཟུར་ཙམ་གླེང་བ། 


མཁར་སྤ་བསོད་ནམས་བློ་གྲོས།


དང་པོ། མཆོད་པ་རྣམ་ལྔ་ངོས་བཟུང་དང་རྣམ་གྲངས།

གཉིས་པ། མཆོད་པ་རྣམ་ལྔ་འདི་བོན་གྱི་གཞུང་ལུགས་གང་ལས་གསལ་བ།

གསུམ་པ། མཆོད་པ་རྣམ་ལྔ་ཕུལ་བའི་ནུས་པས་སྦྱང་བྱ་གང་དང་གང་ཡིན་པ་སོགས་ས་བཅད་གསུམ་དུ་བགོས་ནས་བསམ་ཚུལ་མདོར་ཙམ་ཞུ་བ་ལ།

དང་པོ། མར་མེ་དང་། ཚན་ཆབ། སྤོས། ཞལ་ཟས། མེ་ཏོག་བཅས་ལྔ་སྟེ་རྒྱུན་ལྡན་ཕལ་གྱིས་བློ་ལ་ངེས་པའི་རྣམ་གྲངས་ལྟར་ཡིན་ལ།

གཉིས་པ། བོན་ལུགས་ཀྱི་བཀའ་དང་བཀའ་བརྟེན་དུ་མ་ཞིག་ལས་གསལ་ཏེ། གཤེན་གྱི་བཀའ་གཡུང་དྲུང་ལས་དག་དང་། ཐར་མདོ་དང་། གཟི་བརྗིད་ཆོ་ག་བཅུ་གཉིས་ཀྱི་ལེའུ་སོགས་བཀའ་དུ་མ་ལས་མཆོད་པ་རྣམ་ལྔའི་ངོ་བོ་དང་རྣམ་གྲངས་ཞིབ་ཏུ་གསལ་ཡོད་ལ།  རྗེས་འཇུག་མཁས་པ་རྣམས་ཀྱིས་བརྩམས་པའི་བཀའ་བརྟེན་ཕྱི་རྒྱུད་ཀྱི་ཆོ་ག་ཆེ་ཆུང་གི་རིགས་སོགས་ཕལ་ཆེར་ལས་གསལ་ཡོད་པ་ཀུན་གྱི་མཐོང་གསལ་ཡིན་པས་ཞིབ་བཤད་མི་དགོས་པ་གྱིས། དཔེར་ན། ཐར་མདོ་ལས།  ངོ་མཚར་རྨད་དུ་བྱུང་བ་ཡི།། གསལ་བ་འོད་ཀྱི་མར་མེ་དང་། དྲི་བརྡ་སྤོས་ཀྱི་དུད་པ་དང་།། གསོ་བསྐྱེད་རྩི་སྨན་མཆོད་པ་དང་།། ཞལ་ཟས་ལྷ་སངས་མཆོད་པ་དང་།། བཀྲ་གསལ་མེ་ཏོག་མཆོད་པ་དང་།། བདུད་རྩི་རྣམ་ལྔའི་མཆོད་པ་འདི།། དང་པོ་ཡེ་མེད་སྟོང་པ་ལ།། སྲིད་ནི་ཡེ་ཡོད་ཅུང་ལས་སྲིད།། ཆགས་ནི་ཕྲ་རབ་རྡུལ་ལས་ཆགས།། བསྐྱེད་ནི་དྲོད་དང་རླན་ལས་བསྐྱེད།། གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ།། རྒྱུ་ནི་འབྱུང་བ་ལྔ་ལས་བརྟེན།། རྐྱེན་ནི་དད་པ་རྐྱེན་གྱིས་སྦྱར།། འབུལ་ནི་ཀེང་ཙེའི་ལྷ་ལ་འབུལ།། དེ་ལྟར་ཚངས་པའི་གཙང་རྫས་འདི།། སྐྱོན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར།། ཡེ་མཁྱེན་ཐུགས་རྗེའི་དགོངས་ལགས་ལ།། བདུད་རྩི་རྣམ་ལྔའི་མཆོད་པར་བཞེས།། ཞེས་གསུངས་པ་ལྟར་དང་། 

གསུམ་པ།  མཆོད་པ་རྣམ་ལྔ་ཕུལ་བ་ལ་བརྟེན་ནས་རྒྱུ་དུག་ལྔ་དང་། འཁོར་བའི་ལམ་ལྔ་དང་། རིགས་དྲུག་སོ་སོ་བའི་ལས་སྣང་གི་སྡུག་བསྔལ་ཚན་པོ་ཆེ་དྲུག་སྟེ། དམྱལ་བ་ཚ་གྲང་དང་། ཡི་དྭགས་བཀྲེས་སྐོམ། བྱོལ་སོང་གླེན་ལྐུགས། མི་བྲེལ་འཕོང་། ལྷ་མིན་འཐབ་རྩོད། ལྷ་ཕམ་ལྟུང་གི་སྡུག་བསྔལ་སོགས་རིགས་དྲུག་གི་གནས་ངན་པ་རྣམས་སྦྱང་བའི་རྟེན་འབྲེལ་གྱི་གནད་ཡོད་དོ།།

 མར་མེ།

གཤེན་གྱི་བཀའ་གཡུང་དྲུང་ལས་དག བཀའ་འགྱུར་པོད་དང་པོ།  ཤོག་ངོས། ༩༥ དང་༩༦ ལས།

འདོད་ཡོན་རྣམ་ལྔ་མཛེས་པའི་མཆོད་པ་ནི།། དུས་གསུམ་བདེར་གཤེགས་མ་ལུས་འཁོར་བཅས་ལ།། བདག་དང་མཐའ་ཡས་སྒྲིབ་པ་སྦྱང་ཕྱིར་དུ།། དད་པས་ཕུལ་ནས་ཐུགས་རྗེས་བཞེས་ནས་ཀྱང་།། བདེར་གཤེགས་ལྷ་དང་གཉིས་མེད་དོན་ལ་མཉམ།། དུག་ལྔའི་དབང་གིས་འཁོར་བ་སྦྱང་པ་ལ།། མར་ཁུའི་རྒྱུན་གྱིས་ཞེ་སྡང་དུག་མེ་གསོད།། ཤི་ཤོན་ལྡོང་བུས་འདོད་ཆགས་ཆུ་བོ་སྐམ།།མེ་མདངས་འོད་ཀྱིས་གཏི་མུག་མུན་པ་བསལ།། རིན་ཆེན་རྐོང་བུས་ཕྲག་དོག་བཙོན་ར་སྤངས།། མེ་ལྕེ་སྒྲོན་མེས་ང་རྒྱལ་རི་བོ་བསྲེགས།། མཁའ་ལ་གསལ་བས་བསམ་གཏན་གཡོ་འཁྲུགས་བསལ།། རྒྱུ་དྲུག་རྣམ་དག་ཐུགས་རྗེ་ཆེན་པོ་དྲུག། ཞེས་པས། འདོད་ཡོན་རྣམ་ལྔའི་མཆོད་པ་དེ་བདག་དང་སེམས་ཅན་གྱི་སྒྲིབ་པ་སྦྱང་ཕྱིར་བདེ་བར་གཤེགས་པ་ལ་མཆོད་པ་ཕུལ་ན་བདེར་གཤེགས་ལྷ་དང་གཉིས་སུ་མེད་པའི་ཡོན་ཏན་ཐོབ་པ་དང་། མཆོད་པ་རྣམ་ལྔ་ཕུལ་བའི་དགེ་སྟོབས་ཀྱིས་རྒྱུ་དུག་ལྔའི་དབང་གིས་འཁོར་བར་རྒྱུ་བའི་ལམ་ལྔ་དེ་སྦྱང་བར་བསྟན་ཡོད་པ་དང་།མར་མེའི་མཆོད་པ་ཕུལ་བས་མར་ཁུའི་རྒྱུན་གྱིས་ཞེ་སྡང་མེ་ལྟར་འབར་བ་གསོད་པའི་རྟེན་འབྲེལ་གྱི་གནད་དང་། ཤི་ཤོན་ལྡོང་བུས་འདོད་ཆགས་ཆུ་ལྟར་འཁོར་བ་རང་བཞིན་དུ་སྐེམ་པའི་རྟེན་འབྲེལ་གྱི་གནད་དང་། མེ་མདངས་འོད་ཀྱིས་གཏི་མུག་མུན་ལྟར་འཐིམ་པ་བསལ་བའི་རྟེན་འབྲེལ་གྱི་གནད་དང་།  རིན་ཆེན་རྐོང་བུས་ཕྲག་དོག་གི་བཙོན་ར་ནག་པོ་སྤངས་བའི་རྟེན་འབྲེལ་གྱི་གནད་དང་། མེ་ལྕེ་སྒྲོན་མེས་རང་རྒྱུད་ཀྱི་ང་བོ་རི་ལྟར་མཐོ་བ་བསྲེགས་པའི་རྟེན་འབྲེལ་གྱི་གནད་སོགས་བསྟན་ཡོད་པ་དང་། མར་མེའི་མཆོད་པ་ཕུལ་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་སོགས་སྦྱང་བའི་རྟེན་འབྲེལ་དུ་འགྲོ་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ལས། ཞེ་སྡང་ལས་ཀྱི་འཕྲོ་འདུ་དབང་བཙན་ནས།། དམྱལ་བ་ཚ་གྲང་གནས་སུ་སྐྱེ་སྲིད་ན།། མར་མེ་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། མར་ཁུའི་རྒྱུན་གྱིས་ཚ་བའི་དམྱལ་བ་བསིལ།། ལྡོང་བུའི་འོད་ཀྱིས་གྲང་བའི་དམྱལ་བ་དྲོས།། མེ་ལྕེ་སྒྲོན་མེས་འཁོར་བའི་མུན་པ་འཇོམས།། གསལ་བ་འོད་ཀྱིས་དབྱིངས་སུ་ཤུལ་དྲོངས་ལ།།  ཞེས་ལུང་རྣམ་དག་གིས་གྲུབ་ཡོད་པའོ།།

 ཚན་ཆབ།

བཀའ་གཡུང་དྲུང་ལས་དག་ལས། དེ་བཞིན་སྐྱོན་རྣམས་དག་པའི་ཁྲུས་ཆུ་འདི།། བདུད་རྩི་ཆུ་བོས་བཀོལ་སྤྱད་ནད་རྣམས་སོས།། སུམ་བརྒྱ་འཕྲད་ཀྱིས་སེར་སྣའི་མདུད་པ་བཀྲོལ།། རིན་ཆེན་བུམ་པས་བརྡེག་བཙོག་བདེ་ལ་བཀོད།། དྲི་ངད་ལྡན་པས་བདག་གཞན་དབྱིངས་སུ་མཉམ།། མེ་ཏོག་རེག་པས་འཐད་རྩོད་བདེ་ལ་བཀོད།། ཆུ་གསུམ་རྒྱུན་གྱིས་གོལ་སྒྲིབ་དྲི་མ་བཀྲུ།། རྐྱེན་དྲུག་རྣམ་དག་གཤེན་དྲུག་ཐབས་ཀྱི་སྐུ།། ཞེས་པས། ཚན་ཆབ་མཆོད་པ་ཕུལ་བས་བྱོལ་སོང་བཀོལ་སྤྱད་ཀྱི་ནད་རྣམས་སོས་པ་དང་། སྨན་སྣ་སུམ་བརྒྱ་དྲུག་ཅུའི་འཕྲད་བསྩལ་བ་སོགས་ཀྱིས་ཞེན་ཆགས་སེར་སྣའི་མདུད་པ་ཡང་བཀྲོལ་ལ། རིན་ཆེན་བུམ་པའི་ཆབ་སྣོད་གཙང་མ་སོགས་ཀྱིས་མ་དག་པའི་བརྡེག་བཙོག་ཀྱང་དག་པར་བྱ་ནུས་པ་དང་། དྲི་ངད་ཞིམ་པོ་ལ་བརྟེན་ནས་བདག་གཞན་གྱི་དོན་འགྲུབ་ནས་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་མཉམ་ཐུབ་པའི་རྟེན་འབྲེལ་གྱི་གནད་ཡོད་ལ། ཚན་ཆབ་ནང་མེ་ཏོག་འཐོར་བའི་སྟོབས་ཀྱིས་འཚེ་བ་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བའི་བརྡ་ཐབས་དང་། མ་དག་པའི་སེམས་ཅན་རྣམས་ཀྱིས་ཡང་དག་པའི་ཤེས་བྱའི་གཤིས་ལུགས་མ་རྟོགས་པར་འདྲ་བར་སྣང་ནས་ལོག་པར་བསྒོམ་པའི་གོལ་སྒྲིབ་རྣམས་སངས་བའི་རྟེན་འབྲེལ་གྱི་གནད་ཡོད་པར་བསྟན་ནོ། ཚན་ཆབ་མཆོད་པ་ཕུལ་བས། བྱོལ་སོང་གླེན་ལྐུགས་ཀྱི་གནས་དང་སྡུག་བསྔལ་སྦྱོང་བའི་གནད་ཡོད་དེ། མདོ་གཡུང་དྲུང་ཀློང་རྒྱས་ལས། གཏི་མུག་ལས་ཀྱི་འཕྲོ་འདུ་དབང་བཙན་ནས།། བྱོལ་སོང་གླེན་ལྐུགས་གནས་སུ་སྐྱེ་སྲིད་ན།། རྩི་སྨན་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། རྩི་ཡི་འོ་མས་བྱོལ་སོང་གླེན་པ་དྲན།།  སྨན་དང་ཆུ་བོས་བྱོལ་སོང་ལྐུགས་པ་སྨྲ།། དཀར་བའི་མདངས་ཀྱིས་འཐིབ་པའི་མུན་པ་གསལ།། རླངས་པ་རྒྱུན་གྱིས་དབྱིངས་སུ་ཤུལ་དྲོངས་ལ།། ཞེས་གསུངས་སོ།། 

 སྤོས།

བཀའ་གཡུང་དྲུང་ལས་དག་ལས། དེ་བཞིན་དྲི་ཞིམ་ངད་ལྡན་ཡིད་འོང་སྤོས།། ནགས་བཅུད་སྨན་གྱིས་དམྱལ་བ་ཚ་གྲང་གསོས།། དྲི་ཞིམ་རྒྱུན་གྱིས་བཀྲེས་སྐོམ་སྒྲིབ་པ་སེལ།། ཞུགས་གདངས་ངད་ཀྱིས་བརྡེག་བཙོག་སྡུག་བསྔལ་སེལ།། དུད་པའི་རྒྱུན་གྱིས་བརྒྱད་དང་བཅུ་དྲུག་ཞི།། མེ་མདངས་འོད་ཀྱིས་གདུག་པའི་མཚོན་རྩེ་སྙིལ།། ཡིད་དུ་འོང་བའི་བསམ་གཏན་ལྟུང་སྒོ་གཅོད།། རྒྱུ་དྲུག་རྣམ་དག་སྲིད་པ་འབྱུང་བའི་ཡུམ།། ཞེས་པས། གནས་རིའི་ཁོར་ཡུག་སོགས་ནགས་ཚལ་སྣ་མང་གསེང་ནས་བཅུད་ཀྱི་སྨན་སྣ་བཏུས་ཏེ་སྦྱར་བྱུང་གི་ངད་བཟང་སྤོས་ཕུལ་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་བའི་རྟེན་འབྲེལ་གྱི་གནད་དང་། སྦྱར་བྱུང་དྲི་ཞིམ་གྱིས་ཡི་དྭགས་བཀྲེས་སྐོམ་གྱི་སྒྲིབ་པ་སེལ་བའི་རྐྱེན་དུ་འགྲོ་བ་དང་། ཞུགས་གདངས་ངད་ཀྱིས་མནོལ་སྨེ་བརྡེག་བཙོག་གི་སྡུག་བསྔལ་རྣམས་བསལ་བའི་བརྡ་དང་། སྤོས་དུད་འཐུལ་བ་དང་མེ་མདངས་འོད་སོགས་ཀྱིས་མི་མཐུན་པའི་ཕྱོགས་བརྒྱད་དང་བཅུ་དྲུག་དང་འགལ་རྐྱེན་གྱི་གདུག་པའི་མཚོན་དབལ་རྣམས་རང་བཞིན་དུ་ཞི་བའི་རྟེན་འབྲེལ་དུ་བཤད་པའོ།། སྤོས་ཀྱི་མཆོད་པ་ཕུལ་བས་ཡི་དྭགས་ཀྱི་གནས་དང་སྡུག་བསྔལ་སྦྱང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ལས། འདོད་ཆགས་ལས་ཀྱི་འཕྲོ་འདུ་དབང་བཙན་ནས།། ཡི་དྭགས་བཀྲེས་སྐོམ་གནས་སུ་སྐྱེ་སྲིད་ན།། སྤོས་དྲི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།།  སྦྱར་སྤོས་དཔུང་གིས་ཡི་དྭགས་བཀྲེས་པ་ཚིམ།། དྲི་མཆོག་ཞིམ་པོས་ཡི་དྭགས་སྐོམ་པ་ངོམ།། མེ་མདངས་འོད་ཀྱིས་མ་རིག་མུན་པ་སེལ།། དུད་པའི་རྒྱུན་གྱིས་དབྱིངས་སུ་ཤུལ་དྲོངས་ལ།།  ཞེས་གསུངས་སོ།། 

 ཞལ་ཟས།

བཀའ་གཡུང་དྲུང་ལས་དག་ལས། དེ་བཞིན་རོ་མཆོག་བརྒྱད་ལྡན་ལྷ་སང་གི། རི་རབ་དབྱིབས་ལྡན་དམྱལ་ཁང་ལྷ་ཡི་གནས།། རིན་ཆེན་འབྲུ་བཅུད་རྩལ་གྱི་ངན་སྐྱུག་བདུད་རྩི་ཟས།། ཡེ་ཤེས་དབལ་རུས་མུན་པའི་མཐོང་ཁུང་གསལ།། རྩི་བཅུད་ཞུན་གྱིས་གདུག་པའི་མཚོན་དབལ་བཅོམ།། དྲི་དང་རླངས་ཀྱིས་དབང་པོའི་སྤྱོད་ཡུལ་རྒྱས།། བདུད་རྩི་ཆུ་བོས་ཕམ་ལྟུང་སྡུག་བསྔལ་གསོས།།  གནས་དྲུག་རྣམ་དག་དབང་ཆེན་གཞལ་ཡས་དྲུག། ཅེས་པས། རོ་མཆོག་བརྒྱད་ལྡན་གྱི་ཞལ་ཟས་ཀྱི་མཆོད་པ་འབུལ་བའི་ཕྱི་ཡི་རྣམ་པས་རི་རབས་ཀྱི་དབྱིབས་ལྟ་བུ་མཚོན་པ་དང་།ནང་གི་བཅུད་ཀྱིས་གཞན་དམྱལ་ཁང་སོགས་སྡུག་བསྔལ་གྱི་བརྩོན་གནས་རྣམས་དག་ནས་ལྷ་ཡི་བཞུགས་གནས་སུ་མཚོན་ལ། རྒྱུ་རིན་ཆེན་འབྲུ་བཅུད་ལས་གྲུབ་པས་སེམས་ཅན་གྱི་ལས་སྣང་ངན་པའི་ངན་སྐྱུག་ཟས་ཀྱི་མ་དག་སྣང་བ་རྣམས་དག་ནས་བདུད་རྩི་རུ་འཆར་བའི་རྟེན་འབྲེལ་གྱི་གནད་ཡོད་ལ། རྩེ་རྣོན་པོ་དེས་ཡེ་ཤེས་ཀྱི་དབལ་དུ་མཚོན་ནས་མ་རིག་མུན་པའི་མཐོང་ཁུང་རྣམས་ཧར་དུ་གཏོར་བ་དང་། རྩི་བཅུད་ཞུན་མ་བྱུག་པས་མི་མཐུན་གྱི་མཚོན་དབལ་བཅོམ་པའི་བརྡ་རུ་དམིགས་པ་དང་། དྲི་རླངས་སོགས་ཀྱིས་འདྲེན་བྱེད་དབང་པོའི་སྤྱོད་ཡུལ་ཕུན་སུམ་ཚོགས་པར་རྒྱས་པའི་བརྡ་དང་། སྦྲུས་བྱེད་ཆུ་བོས་ལྷ་ཕམ་ལྟུང་གི་སྡུག་བསྔལ་བསལ་བའི་གནད་དུ་ཡོད་པར་བཤད་དོ།། ཞལ་ཟས་མཆོད་པ་ཕུལ་བས་མི་བྲེལ་འཕོང་གི་སྡུག་བསྔལ་བསལ་བའི་གནད་ཀྱང་ཡོད་དེ། མདོ་གཡུང་དྲུང་ཀློང་རྒྱས་ལས། ཕྲག་དོག་ལས་ཀྱི་འཕྲོ་འདུ་དབང་བཙན་ནས།། མཐའ་འཁོབ་མི་ཡི་གནས་སུ་སྐྱེ་སྲིད་ན།། ལྷ་སངས་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། འབྲུ་གཙང་ཆུ་བོས་བསྡུས་པས་མི་ཡི་འདོད་པ་ཚིམ།། བརྩི་བཅུད་མར་གྱིས་བཀུས་པས་འཐའ་འཁོབ་ནད་རྣམས་བསལ།། དྲི་དང་རླངས་ཀྱིས་འཕོ་འགྱུར་སྡུག་བསྔལ་ཞི།། ར་ཡི་དབལ་སོའི་དབྱིངས་སུ་ཤུལ་དྲོངས་ལ།། ཞེས་གསུངས་པ་སོགས་ཀྱིས་གྲུབ་བོ།།

 མེ་ཏོག

བཀའ་གཡུང་དྲུང་ལས་དག་ལས། དེ་བཞིན་དྲི་མེད་འོད་ལྡན་མེ་ཏོག་ཀྱང་།། སྦུ་གུར་དོད་པས་རྣམ་ཤེས་སྟོང་པ་ཉིད།། པད་མ་འདབ་རྒྱས་ཚོར་བ་སོ་སོར་རྟོགས།། ཁ་དོག་ལྔ་གསལ་མེ་ལོང་ཡེ་ཤེས་འོད།། ཐུགས་རྗེ་དྲོད་སེར་འདུ་ཤེས་བྱ་བ་གྲུབ།། ཡེ་ཤེས་མཁའ་ལྡིང་འདུ་བྱེད་མཉམ་པ་ཉིད།། ཀུན་གཞི་མ་བཅོས་རང་རིག་ཡེ་ཤེས་ལྡན།། ཕུང་པོ་རྣམ་ལྔ་ལྷ་དྲུག་ཡེ་ཤེས་ལྡན།། གཉིས་མེད་རིག་པའི་ཀློང་དུ་མཉམ་པར་འགྱུར།། ཞེས་པས།  མེ་ཏོག་གི་གཟུགས་དང་སྦུ་གུ་པད་འདབ་ཁ་དོག་དང་མེ་ཏོག་གི་གཤིས་ལུགས་སོགས་ཕུང་པོ་ལྔ་རུ་དམིགས་ནས་དེ་རེ་རེ་དག་པའི་ཡོན་ཏན་ལ་ཡེ་ཤེས་ལྔ་རུ་ཐོབ་པའི་རྟེན་འབྲེལ་དུ་བརྩིས་ནས་ཁྱད་དུ་འཕགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་གསུངས་ཡོད་ལ། མེ་ཏོག་མཆོད་པ་ཕུལ་བས་ལྷ་དང་ལྷ་མིན་གྱི་སྡུག་བསྔལ་སྦྱང་བའི་གནད་དུ་འགྲོ་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ལས། ང་རྒྱལ་ལས་ཀྱི་འཕྲོ་འདུ་དབང་བཙན་ནས།། ལྷ་མིན་འཐབ་རྩོད་གནས་སུ་སྐྱེ་སྲིད་ན།། མེ་ཏོག་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། དྲི་མ་མེད་པས་ལྷ་མིན་སྐྱོན་དང་བྲལ།། འོད་དུ་འབར་བས་ལྷ་མིན་ཁོང་ཁྲོ་ཞི།། པད་མ་རྒྱས་པས་ལྷ་མིན་མཚོན་དབལ་ཡལ།། སྦུ་གུར་དོད་པས་དབྱིངས་སུ་ཤུལ་དྲོངས་ལ།། ཞེས་དང་། ལོངས་སྐུའི་ཞིང་སྨོན་གྱི་རྣམ་འགྲེལ་ཟླ་འོད་ཀུན་ཟླའི་འཛུམས་བཞད། ཤོག་ངོས ༣༣༦ལས། མེ་ཏོག་གིས་ལྷ་དང་ལྷ་མིན་གྱི་སྡུག་བསྔལ་སྦྱང་སྟེ། དྲི་མ་མེད་པས་ལྷ་རྣམས་ཕམ་ལྟུང་དང་བྲལ། འོད་དུ་འབར་བས་ལྷ་མིན་གྱི་འཐབ་རྩོད་རྣམས་ཞི། པད་མ་རྒྱས་པས་ང་རྒྱལ་དང་ལེ་ལོ་བཅོམ། སྦུ་གུར་དོད་པས་ཞི་བ་ཆེན་པོའི་དབྱིངས་སུ་ཤུལ་དྲངས་ནས་བྱང་ལས་རབ་རྫོགས་པའི་ཞིང་ཁམས་སུ་སངས་རྒྱའོ།། ཞེས་པའི་ལུང་རྣམ་དག་དུ་མ་ཞིག་གིས་མཆོད་པ་རྣམ་ལྔ་ཕུལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བསྟན་ཡོད་དོ།།  གཞན་ལྷ་གཉེན་ཤེལ་སྒོང་གི་ཟུར་རྒྱན་བཀའ་ལུང་ཕྱོགས་བསྒྲིགས། ཤོག་ངོས། ༡༦༢དང་༡༦༣ལས།

རྣམ་ལྔ་ནི། གཉིས་སྒྲིབ་ཀྱི་མུན་པ་སངས་ནས་ཤེས་རབ་གཏུམ་མོའི་འོད་གསལ་སོགས་ཀྱི་རྟེན་འབྲེལ་དུ་མར་མེ།  དེ་བཞིན་ཚུལ་ཁྲིམས་ལ་དྲི་བཟང་གི་བདུག་སྤོས། སྡིག་སྒྲིབ་དག་ཅིང་བྱང་ཆུབ་ཀྱི་སེམས་རྣམ་གཉིས་ཀྱིས་རང་རྒྱུད་བརླན་པ་སོགས་ས་ལམ་གྱི་རྟོགས་པ་སྐྱེ་བ་ལ་ཡོན་ཆབ། ཚེ་རིང་བ་དང་བསོད་ནམས་ཐོབ་པ་ལ་ཞལ་ཟས། གཟུགས་བཟང་བ་དང་མཐར་ཐུག་མཚན་དཔེ་ཐོབ་པ་ལ་མེ་ཏོག་གོ། ཞེས་གསུངས་སོ།།

མཆོད་པ་རྣམ་ལྔའི་རྫས་ཆ་ནི་རྣམ་པར་དག་པ་གཙང་ཞིང་ཡིད་དུ་འོང་བ་ཞིག་དགོས་ཏེ། 

  མར་མེ་ནི་མར་རུལ་སོང་བ་དང་། རང་གི་ཁ་འཕྲོ་དང་འབག་བཙོག་བྱས་པ་དང་སེར་སྣའི་དབང་གིས་འཕྲི་བསྣན་བྱས་པ་སོགས་ནི་སྤང་དགོས་པར་ངེས། རབ་ཏུ་བྱུང་ན་འབྲུ་མར་རྩི་མར་སོགས་རང་བྱུང་གི་མར་སྤུས་ལེགས་ལས་གྲུབ་པ་དང་། དེ་ཙམ་མ་འབྱོར་ཚེ་དེང་རབས་ཀྱི་མར་ཁུ་ཅི་རིགས་ཤིག་ཕུལ་ཀྱང་གྲངས་ཀ་མང་ཉུང་སོགས་གཙོ་བོ་མ་ཡིན་པར་རྐོང་བུ་དང་ལྡོང་ཐུར་སོགས་གཙང་ཞིང་རྣམ་པར་དག་པ་ཕྱིས་བརྡར་བྱེད་ནས་འབུལ་དགོས་པ་དེ་གལ་ཆེའོ་སྙམ།  

 ཚན་ཆབ་ཀྱི་རྫས་ལ་ཡང་རྩི་དང་མེ་ཏོག་སྨན་སྣ་དུ་མ་བཏབ་པ་དང་ཆུ་བོ་ནི་ཉ་ཉོག་སྙིག་རྡུལ་མེད་པར་དྭངས་གཙང་བརྒྱད་ལྡན་གྱི་ཆུ་བོ་ལྟ་བུ་ཆུ་གྲུང་ཐག་ཆོད་པ་ཞིག་འབུལ་དགོས། ཡོན་ཆབ་ཕུལ་བའི་ཚེ་སྣོད་བྱི་དོར་མི་བྱེད་པ་དང་། ཆུས་མ་གང་བ་དང་ཧ་ཅང་གང་དྲགས་ནས་ཕྱིར་འབོ་བ་དང་། ཏིང་ཕོར་བར་དུ་ཡངས་དོག་དང་ཡ་ཡོ་འཁྱག་འཁྱོག་བྱས་པ་ནི་བཀོད་པ་མ་ལེགས་པ་ཡིན་པས་ནམ་ཡང་སྤང་དགོས་སོ།།

 ཞལ་ཟས་ནི་འབྲུ་རིགས་གཙང་མའི་ཕྱེ་སོགས་ལ་ཆུ་གཙང་མ་དང་མར་གྲུང་མས་སྦྲུས་པའི་མར་ཁུ་དང་དཀར་རྒྱན་སོགས་ཕུན་སུམ་ཚོགས་པར་རོ་མཆོག་བརྒྱད་ལྡན་ལྟ་བུ་ཞིག་དགོས་སོ།།   

 སྤོས་ནི་དེང་རབས་ཀྱི་སྟབས་བདེ་ལ་གཙོར་བསྟུན་པ་མ་ཡིན་པར་ས་མཐོ་རི་གཙང་གི་ཁོར་ཡུག་ནས་སྤོས་སྣ་བཟང་འཚོགས་བསྡུ་སྒྲུག་བྱ་སྟེ། སྦྱར་བྱུང་གི་དྲི་མ་ཞིམ་པོས་ལྷ་མི་གཤེན་གསུམ་དགྱེས་པའི་མཆོད་པ་གལ་ཆེན་ཞིག་ཏུ་བརྩི་ནས་འབུལ་དགོས།

 མེ་ཏོག་ནི་མག་མོག་ཏུ་མ་སོང་བ་རང་བྱུང་ཁོར་ཡུག་ལ་འབྱུང་བཞིས་བསྐྱེད་པའི་དཀར་དམར་མཚར་སྡུག་འོད་སྟོང་འབར་བའི་ངད་བཟང་ཅན་དང་། ཡང་ན་གཞན་དེང་རབས་འཕྲུལ་གྱིས་བཟོས་པའི་འགྱིག་དང་རྡོ་ཤིང་སོགས་དངོས་པོ་ཅི་རིགས་ལས་གྲུབ་པ་གང་ཞིག་ཡིན་ཀྱང་དཀར་དམར་གྱི་འདབ་ལོ་དང་ཚོན་མདངས་སོགས་ཡིད་དུ་འོང་བ་ཞིག་བཤམས་དགོས་པ་གདོན་མི་ཟའོ།།   མར་མེ་དང་མེ་ཏོག་སྤོས་ལ་སོགས་མཆོད་པའི་རྫས་སུ་འབུལ་བ་རྣམས་ནི་ཚེ་འདིར་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་། ཕྱི་མར་རིག་འཛིན་གྱི་ཚོགས་གྲལ་དུ་ཕྱིན་པ་སོགས་མཐའ་ཡས་པའི་བསོད་ནམས་འཐོབ་པར་འགྱུར་བའི་ཆེད་དང་། སྦྱིན་པའི་གནས་ལ་ཡང་སྣང་བའི་ཡུལ་སྡུག་བསྔལ་གྱིས་གདུངས་བའི་མི་དང་དུད་འགྲོ་ལ་བསགས་ཏེ།།  མདོ་དྲི་མེད་ལས། སྦྱིན་པའི་དམིགས་ཡུལ་ཤིན་ཏུ་དམའ་བར་ཤེས།། དངོས་མེད་བརྒྱ་དང་དངོས་ཅན་དམིགས་ཡུལ་གཅིག། དེ་དག་བརྒྱ་འགྱུར་སོ་སོའི་སྐྱེ་བོ་གཅིག། སྐྱེ་བོ་བརྒྱ་འགྱུར་འདོད་སྲེད་དམན་པ་གཅིག།  དམན་པ་བརྒྱ་འགྱུར་དམུས་ལོངས་འོན་འཐིབ་གཅིག།  དེ་དག་ཉམས་ཐག་འདོད་པས་གདུང་བ་གཅིག། ཅེས་གསུངས་པ་ལྟར། སེམས་ཅན་དངོས་མེད་བརྒྱ་ལ་སྦྱིན་པ་བཏང་བ་ལས་དངོས་ཅན་གཅིག་ལ་སྦྱིན་པ་གཏོང་བ་ཕན་ཡོན་ཆེ་གསུངས་པ་བཞིན་མཆོད་པ་རྣམ་ལྔ་འདི་ཚོ་དངོས་ཅན་དངོས་མེད་རིས་སུ་མེད་པར་མཆོད་སྦྱིན་གཉིས་ཀ་འགྲོ་བའི་ཕྱོགས་སུ་དམིགས་ནས་རྒྱུན་བསྐྱང་རྒྱུ་དེ་གལ་ཆེ་བར་སྙམ་མོ།། རང་ལུགས་ཀྱི་བཀའ་ལུང་འགའ་ལས་གསལ་བར་གཞིར་བཅོལ་ཏེ་ཁོ་བོའི་བསམ་ཚུལ་ཐོར་བུ་འགའ་སྤེལ་བའོ། ད་ལྟ་ཁོ་བོ་དུས་ཚོད་བྲེལ་ཟིང་ཆེ་བའི་དབང་གིས་རྣམ་ལྔའི་སྐོར་དེ་རྩོམ་ཡིག་རྒྱ་ཆེན་གཏིང་ཟབ་ཞིག་སྤེལ་མ་ཐུབ་ཀྱང་མ་འོངས་པར་ཅུང་ཙམ་ཡར་རྒྱས་ཀྱི་སྟོངས་ཆ་ཁ་བསྐང་བའི་དམིགས་མདུན་ཆེའོ་ཞེས་ཞུ་བ་ལགས་སོ།།

སྤྱི་ལོ་༢༠༢༢//༡༦/རྒྱལ་གྱི་ཟླ་བའི་ཚེས་བཅོ་ལྔ་ཉིན་མོར་མཁར་སྤ་བསོད་ནམས་བློ་གྲོས་ནས་བྲིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.