གྲྭ་རྐྱང་ངའི་གླུ་དབྱངས།།
ཟ་འདོད་འགྲམ་ཆུ་ཤོར་སའི་དངུལ་ལོ་དེ་མ་བསྡུས།།
སྲིད་པའི་ལས་དང་འབྲེལ་བའི་རོཊ་ལོ་དེ་མ་བཀུག།
དོན་ཡོད་ལང་ཚོའི་གཟུཊ་ལོ་གསེར་རྒྱན་གྱིས་མ་སྤྲས།།
སྐྱ་ཕྱུར་བ་སྤུ་ལྡང་བའི་གྲྭ་རྐྱང་ང་སྐྱིད་དོ།།
གསེར་ཆེན་བླ་མའི་ཟབ་གདམས་ལམ་སྟོན་གྱི་སྒྲོན་མེ།།
དྲིན་ཆེན་ཨ་མའི་རྩམ་དཀར་འདུག་ཆས་ཀྱི་སྡོང་གྲོགས།།
ས་ཆེན་ཡོངས་འཛིན་ཆེན་མོ་འདི་ཕྱི་ཡི་སྐྱབས་གནས།།
སློབ་ཆེན་གྲལ་མཐའ་ཚུད་པའི་གྲྭ་རྐྱང་ང་སྐྱིད་དོ།།
རིན་ཆེན་གཟི་བྱུར་ཕུག་རྒྱུ་སྣུམ་ཅན་ཞིག་མེད་ལ།།
རལ་པོའི་ཟླ་གམ་ཞིག་དང་སྒལ་བུག་གི་དཔེ་དེབ།།
མི་ཚེའི་སྡོད་ཆས་ཟེར་ན་དེ་ཚོ་ལས་མེད་ཀྱང་།།
མདུན་རྒྱབ་དཔེ་ཆས་བསྐོར་བའི་གྲྭ་རྐྱང་ང་སྐྱིད་དོ།།
རྒྱ་ཁོག་རྒྱས་སྤྲོས་འཛོམས་པའི་ཕྱུག་པོ་དེ་མིན་ལ།།
དཀར་ལོ་ཤ་ཚུཊ་དོད་པའི་ཡིད་འཕྲོག་ཅིག་ག་ལ།།
གསོན་པཊ་སྔོ་ནག་ཅན་གྱི་སྤྲང་པོ་ཡི་སྐྱེ་བ།།
ཇ་ཐང་ཁུ་ནག་བཏུང་བའི་གྲྭ་རྐྱང་ང་སྐྱིད་དོ།།
སྲིད་གཞུང་ལས་སྣེ་འདྲ་བའི་ཟླ་ཕོཊ་ཤིག་མེད་ལ།།
རླབས་ཆེན་ཡོང་འབབ་བསྡུ་བའི་ཐོན་ཁུང་ཞིག་ག་ལ།།།
ཁྲོམ་ཆེན་ཚོང་པ་འདྲ་བའི་མ་རྩ་ཞིག་མེད་ཀྱང་།།
སྒྲིག་ཟས་སྒྲིག་གིས་གསོས་པའི་གྲྭ་རྐྱང་ང་སྐྱིད་དོ།།
འཇིག་རྟེན་སྲོང་ལམ་ཉུལ་བའི་སྐྱ་བོ་ཞིག་མ་བྱས།།
སྒེར་འདོད་བཙན་ཤེད་རྒད་མོའི་རྐུབ་གཡོག་ཏུ་མ་གྱུར།།
འདི་ཕྱི་གཉིས་ཀར་བདེ་བའི་དབེན་གནས་ཀྱི་ཁེར་རྐྱང་།།
དགེན་གྱིས་གཅེས་ལོ་དམར་པོའི་གྲྭ་རྐྱང་ང་སྐྱིད་དོ།།
དཀར་དམར་བརྩེ་དུང་སྐད་ཆ་ལབ་གླེང་ཞིག་མ་ཕོད།།
སྡོད་མལ་ཁྱིམ་གཞིས་འཚོལ་བའི་ཚེ་རོགས་ཤིག་མེད་དུས།།
གཉེར་མའི་བརྩིགས་པ་མཐོ་བའི་སྡུག་རོགས་ཤིག་ག་ལ།།
ཉོན་མོངས་དགའ་རོགས་བྲལ་བའི་གྲྭ་རྐྱང་ང་སྐྱིད་དོ།།
གོར་མོ་ཤ་ལོའི་གདོང་དུ་དཀར་དམར་ཞིག་མ་བྱུག།
ཚུགས་ཀ་གཞན་ལ་འཆོལ་བའི་ལྭ་བ་དེ་མ་མནབ།།
ཚོས་ཆེན་ན་བཟའ་དམར་པོ་སྟོན་མཆོག་གིས་གནང་བའི།།
གཙང་ཁྲིམས་བགོ་སྐལ་ཐོབ་པའི་གྲྭ་རྐྱང་ང་སྐྱིད་དོ།།
ཞྭ་དཀར་བོན་ལ་སྤྱོད་པའི་སྐལ་བཟང་དེ་མཛེས་ལ།།
ཚུལ་གསུམ་ཡང་དག་ལམ་གྱི་ཚད་མ་དེ་ཚུད་ནས།།
དཔེ་གཞུང་ཐང་དུ་བསྐྱོད་པའི་ཤེས་རིག་གི་གྱི་ལིང་།།
བརྩོན་འགྲུས་ལྕག་གིས་བསྐུལ་རྒྱུ་གྲྭ་རྐྱང་ངས་དམ་བཅའ།
སྤྱི་ལོ་༢༠༡༤/༤/༢༣/ཉིན་ཁྱུང་བསོད་བློ་ནས།།