སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38461


 
ལྷ་དགྱེས་པའི་ཕྱེ་མར་སྤྲིན་དཀར་ཕང་ཕུང་།
[ 2020/12/5 20:27:00 | By: vase ]
 



ལྷ་དགྱེས་པའི་ཕྱེ་མར་སྤྲིན་དཀར་ཕང་ཕུང་།

              ཁྱུང་བསོད་བློ།

མེས་པོའི་རྣམ་ཤེས་སྒྲོམ་པའི་དུར་ས་རུ།།
ཆོ་རབས་ཕྱྭ་ཡིས་རྩེད་ནས་ལྷ་ཆ་དཀྲོལ།།
འབྲུ་ཐེམ་བྲག་ལ་དོད་པའི་གླེག་བམ་བཀླགས།།
གཤེན་གྱི་སྨྲང་སྐད་འཚེར་བའི་གསང་གཏམ་མང་།།


ཀ་ཡེའི་མྱེས་ལྷ་གསོལ་བའི་དབྱིངས་རུམ་ནས།།
མུ་ཁྱུང་ལྷ་རུ་སྤྲུལ་པས་གཤེན་དར་བཙུགས།།
ཕ་འབབ་བུ་ལ་གནང་སའི་མཚེར་སྒར་བཏབ།།
བཀའ་སྒྲོམ་བྱིན་དང་དབུ་འཕང་བསྒྱེལ་མ་མྱོངས།།


རྔ་གཤང་ཕྱག་གིས་ཕུབ་པའི་གར་སྟབས་ལ།།
ཡི་དམ་ཁྲོ་རྒྱལ་ཆེན་པོའི་གདངས་ཆེན་སྦྲེལ།།
ཟིལ་གནོན་མཆོང་ཆེན་སྒྲུབ་པའི་འགྲུབ་རྟགས་དང་།།
གཤེན་རབ་བདེན་པའི་རོལ་ཆ་བཅད་མ་མྱོངས།།


ལྷ་མི་གྲོས་ཁ་གཅིག་པའི་མཐུ་དཔུང་གིས།།
བྱིན་གྱི་ཚན་ཁ་འབར་བའི་བསྟི་གནས་བསྐྲུན།།
ལོ་རབས་འཕྲེད་ཐིག་བགོམ་པའི་ཕང་བ་རུ།།
རིག་གཞུང་ཆུ་བོ་རྒྱས་པའི་རླབས་ཕྲུ་འཐོར།།


གཡུང་དྲུང་པོ་ཏི་སྔོན་པོའི་བདེན་དོན་བཙལ།།
ལེགས་ཉེས་བཀའ་ཡིས་བགྲོས་པའི་མཚེར་ས་རུ།།
བསྟན་སྐྱོང་གཤེན་གྱི་རུ་དཔུང་གྲལ་དུ་བསྟར།།
འཆད་རྩོད་རྩོམ་པའི་ཤེས་རབ་སྒྲོ་ཟུང་བརྐྱངས།།


འཆད་གླེང་ཚུལ་གསུམ་རིགས་པའི་གངས་ཆར་ཕབ།།
ཚད་གསུམ་དཔང་དུ་བཙུགས་ནས་བདེན་ཁ་བདར།།
གཤེན་སྡེའི་རིག་ཁྱུ་འཚོགས་པའི་གྲལ་ཀ་འགྲིགས།།
མྱུར་མགྱོགས་ཤེས་རབ་ལྷ་ཆེན་ཤུགས་སུ་གསོལ།།


བསྙེན་སྒྲུབ་གཞི་མ་སྒོ་དགུའི་དཀྱིལ་ཆོག་ཕྱེས།།
ཡི་དམ་བཀའ་ཆེན་སྡེ་དགུའི་མདེལ་ཁ་བསྲངས།།
གསང་སྔགས་ཨ་དཀར་ཐེག་པའི་ཆ་ལག་བསྐྱངས།།
ལྷ་ཆེན་དགྱེས་པའི་ཀི་བསྭོའི་མདའ་དར་ཕྱར།།


སྦ་དཀར་ཚིགས་པ་དགུ་ཡི་གཡང་ཆ་ལ།།
ཕྱེ་མར་མདངས་དཀར་སྤྲས་པའི་དར་ལུང་བཏག།
མྱེས་ཆེན་གདོང་དྲུག་གཡང་གི་བྱིན་ཁ་མཐུད།།
ལྷ་མི་གཤེན་རབ་དགྱེས་པའི་ལྷ་རྒྱལ་གྱེར།།


དབལ་ཆེན་ཁྲོ་གཏུམ་འབར་བའི་ལྷ་རུ་བཞེངས།།
སྲིན་པོ་འདྲེ་རྒུ་བྱུར་ཚོགས་མར་ལ་ཕབས།།
མགོན་པོ་ལྷ་མི་གཤེན་གསུམ་ཡར་ལ་གྱུ།།
ཕྱེ་མར་སྤྲིན་དཀར་ཕང་ཕུང་ཤུགས་སུ་མཆོད།།


གྱེར་སྒོ་ཕྱི་ནང་གསུམ་གྱི་རིགས་བསྐྱང་བར།།
ཞུང་སྔགས་ཐོ་ཚེམ་བཟླ་བའི་བསྭོ་སྒྲ་འཚེར།།
བསྟན་སྐྱོང་ལྷ་ངོ་གསོལ་ལ་སྐད་གསང་འབྲུག།
གཤེན་རབ་མཐུ་དཔུང་དམ་པའི་སྡོང་གྲོགས་ཞུས།།


སྤྲིན་དཀར་བླ་བྲེ་བྲེས་པའི་བད་བཙགས་འོག།
ཕྱོགས་བཞིའི་ལྕགས་རི་བཙན་པའི་གྲུ་མདོ་རུ།།
མྱེས་པོའི་ཐབ་ལྷ་གསོལ་བའི་གཤེན་ཕྲུག་རྣམས།།
རིག་པའི་མཆོང་ལྡིང་གཡུང་དྲུང་བོན་གྱིས་རྩེད།།


བགོ་སྐལ་གཤེན་གྱི་ཕ་འབབ་དྲུང་མུ་གྱེར།།
བདུད་རྩི་བཀའ་སྒྲོམ་འཁྱིལ་བའི་མུ་ཁྱུད་རྩེག།
བཤད་སྒྲུབ་སྙེ་ལོ་འཁྲུངས་པའི་ཞིང་ས་བསྐྲུནད།།
རིག་གཞོན་སྟག་ཁྱུ་ཚོགས་པས་ཤུགས་སྐྱོངས་ཤིག།


སེམས་པ་གཉིད་ཀྱིས་དུབ་ནས་མ་རྨོངས་ལ།།
ཁུར་པོ་སྡུག་གིས་བཅའ་ནས་སྒྱིད་མ་ལུག།
བགྲོས་རྩོད་བདེན་ཉམས་དོད་པའི་པང་ཁ་བསྐྲུན།།
འཆད་རྩོད་རིག་གཞུང་སྦྱོང་ལ་རྒྱུན་སྲིངས་ཤིག།

སྤྱི་ལོ་༢༠༢༠/༡༡/༡༨/ཉིན་ཁྱུང་ནག་དགོན་གྱི་བཤད་སྒྲུབ་སྒོམ་པས་དགུ་མཆོད་འཚོགས་སའི་ཕྱེ་མར་སྤྲིན་དཀར་ཕང་ཕུང་འདི་མཐོང་བ་དང་ཤར་ཤར་འཁྱུགས་སོ།།    
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.