ཚོར་རྟོག་ཆུ་རིས་མ།
རྣམ་རྟོག་འཁྲུགས་པའི་གད་གསེབ་ནས།།
བག་ཆགས་ཐལ་རླུང་ལྡང་ཉིན་མོར།།
འཇིག་རྟེན་བྲེལ་བའི་ཚུབ་ཀ་ཡིས།།
ས་སྒང་ཡོམ་ཡོམ་སྒུལ་ཉེན་ཆེ།།
སྐྱིད་སྡུག་བསླས་པའི་རི་གཟར་ནས།།
མངར་སྐྱུར་ཚོར་བ་མྱོངས་ཉིན་མོར།།
ཚོར་ཅན་བསླུས་པའི་ནག་ཉེས་ཀྱིས།།
བདེ་འབྲས་བརླག་པའི་ཇུས་ཚབ་ཆེ།།
འདུ་བྱེད་ཆུ་རིས་བཤར་ས་ནས།།
ལང་ཚོའི་སྟངས་སྟབས་རྫོགས་ཉིན་མོར།།
ལས་དབང་འགྲིབ་པའི་ཕམ་ཁ་ཡིས།།
སྲོག་ལྡན་ཕལ་ཆེར་སྡུག་ལ་སྦྱར།།
དུག་ལྔ་རྒོད་པའི་ལྔ་བདོ་ནས།།
འགྲན་རྩོད་རུ་སྤུངས་བསྟར་ཉིན་མོར།།
རྒྱལ་ཕམ་དེད་པའི་སྒུལ་ཤུགས་ཀྱིས།།
བདག་ཕུང་སྡུག་ལ་སྦྱར་གྲངས་མང་།།
ཚོར་རྟོག་མོལ་བའི་མཚེར་ས་ནས།།
བདེན་དོན་ཞིབ་ཏུ་བགྲོས་ཉིན་མོར།།
དཔྱོད་ཤེས་ཐོགས་པའི་ངར་ཤུགས་ཀྱིས།།
ངེས་ཤེས་ཚོམས་སུ་སྤུངས་ཐེངས་མང་།།
རྐང་གཉིས་བསྐྱོད་པའི་གྲལ་ཀ་ནས།།
སྐྱིད་སྡུག་གཉེར་མ་བགྲངས་ཉིན་མོར།།
གབ་སྐུང་ཆེ་བའི་གོམ་འགྲོས་ཀྱིས།།
ཕན་ཚུན་གཡོ་རྒྱུའི་ཁྲོམ་ལ་བཏབས།།
སྨག་ཅན་བཤར་བའི་འཕྲེད་ཐིག་ནང་།།
མ་རྟོགས་དུག་གིས་བཟི་ཉིན་མོར།།
བདེན་མཐོང་དབང་པོ་མེད་པའི་ལན།།
མཐའ་དཔྱོད་ཤེས་བྱ་སྒྲིབ་ཐེངས་མང་།།
སྔོན་ཐོན་འགྲན་པའི་མདུན་མ་རུ།།
གུས་རྟགས་འབད་པས་མ་ལོན་ནས།།
བརྩོན་པ་ཚེགས་ཀྱིས་མ་ཆོག་དུས།།
རམ་འདེགས་ཕྱག་གིས་བྱམས་མཁན་ཉུང་།།
གཅིག་བཞུད་ཁེར་ལམ་དཀར་པོ་ནས།།
གཉིས་ཕན་སྡོང་གྲོགས་དཀོན་ཉིན་མོར།།
བདག་ཉིད་བདག་གི་མགོན་མ་གཏོགས།།
དཔུང་གཉེན་ཡོད་མེད་གཞི་ནས་རྟོགས།།
༢༠༡༩/༡༢/༣༠/ཉིན་ཞོགས་པ་ཉི་ཤར་དུས་སུ་/བསོད་ནམས་བློ་གྲོས་/ནས་བྲིས།