རྡོག་ལམ་གསལ་བའི་སྐར་རྒྱན།
ཚོར་བའི་ཆ་ལངས་ཀྱིས་བསླས་པའི་ལན་བུ་མཉེན་མོ།།
དྲི་བསུང་ཞལ་ངད་ཀྱིས་སྤུར་བའི་དར་གྱི་ཤམ་ཁུག།
གངས་དཀར་དབང་གཞུ་ཡིས་ཚོན་པའི་ཟླ་བ་གོར་གོར།།
མདུན་མའི་རྡོག་ཁ་ལ་ཐོགས་པའི་སྐར་རྒྱན་ཡིན་འགྲོ།།
སེམས་པའི་གན་མཐིལ་དུ་བཀྲ་བའི་བྱུ་རུ་དམར་ཆུང་།།
བྲང་ལག་ཐོག་རེག་གིས་ལྡེམ་པའི་ཟར་ཁ་འཇམ་པོ།།
ཚིག་གི་ཁ་ཕྲུ་ལ་ཐོགས་པའི་ལེབ་ཅན་མེ་ཏོག།
ཡིད་ཀྱི་གན་གཞུང་དུ་འཚེར་བ་ཐེངས་གཅིག་མ་ཡིན།།
ཁུ་སིམ་དྭངས་གཙང་གིས་ཐ་གྲུའི་རྒྱ་ཁྱོན་ཁེབ་ལ།།
ལྷོད་བབ་ཞི་ཚུགས་ཀྱིས་སྲེད་ལྡན་འགྲོ་དྲུག་བསླུས་ཏེ།།
ཞེན་ཆགས་ཕྲ་མོ་ཡིས་བགབ་མའི་ཐུ་སྣེ་བསྣོལ་དུས།།
ཡི་རངས་ཕྱག་སོར་གྱི་མཐེ་བོང་ཁྱེད་ཀྱིས་འཐེན་སྲིད།།
བག་ཆགས་ཟབ་ས་ནས་སྨིན་པའི་ཨ་ལོང་ཆ་འགྲིག།
མཚར་སྡུག་བད་ཀ་རུ་བསྟར་བའི་རྣ་རྒྱན་བྱས་དུས།།
སྐྱེ་བོ་གྲངས་མེད་ཀྱི་འགྲམ་ཆུ་ཤག་ཏུ་བཞུར་ནས།།
ཐོབ་ཐང་ཁེ་དབང་ལ་གར་གྱི་མཆོང་ལྡིང་འགྲན་ཚོད།།
དྲོད་ཀྱི་ཨམ་ཕྲག་ནང་ཐུན་གྱི་རྨི་ལམ་གཡོས་ཚེ།།
ལབ་གླེང་གྲོས་ཆར་གྱི་ཚོར་བ་ནམ་མཁར་བསྐྱོད་དུས།།
འཛུབ་མོ་ཐུག་རེག་གིས་ཐེམ་ཀའི་མདུད་པ་རྒྱག་མཁན།།
བདག་རི་ཉིན་སྲིབ་ཏུ་མི་ཚོགས་ཤིག་ཤིག་གཡོས་སོ།།
ལྷ་ཕྱོགས་དཀར་པོ་ལ་ཕྱག་ཟུང་གནམ་དུ་བཀན་ཏེ།།
རྩ་གསུམ་སྐྱེ་ཚལ་གྱི་བཀོད་པ་ཕྱག་གིས་བསྟར་ནས།།
ལོངས་སྤྱོད་སྤྲིན་ཚོགས་ཀྱི་མཆོད་པའི་ལྷ་རུ་རྫུས་དུས།།
འཛུམ་ལ་དུང་ཞེན་གྱིས་ཡི་ག་འབྱེད་མཁན་མང་ཚོད།།
ལས་ཉོན་ཁས་བཙན་གྱི་འཕྲེད་ཐིག་སྐྱ་བོའི་འོག་ནས།།
ཚོར་བའི་དྲི་བསུང་དེ་དབྱར་གཞུང་སྤང་ལ་བསྲེ་ཞོར།།
འདབ་ལོ་གོར་གོར་གྱིས་མུ་ཏིག་ཟིལ་པ་ཁུར་དུས།།
དཔག་བསམ་སྡོང་པོ་ལ་རིན་ཆེན་ཁྲ་ཚོམ་ཐོགས་ཡོད།།
ལས་དབང་ཁ་སྟབས་ཀྱི་མདུན་མའི་ཨ་ཐང་ཞིག་ནས།།
ཚོར་འདུ་སྐྱིད་སྡུག་གིས་ཐེམ་པའི་རྡོག་ཁ་བགོམ་ལ།།
ཤེས་བྱ་རྒྱང་མཐོང་གི་དྭངས་མའི་ལན་ཀ་སྤྲད་མཁན།།
བག་ཆགས་བསྟར་མཐུད་ཀྱི་སྐར་རྒྱན་མེ་ཏོག་ཡིན་འགྲོ།
དགུ་ཚིག་ཐད་རྐྱོང་གི་སྐྱ་མདའི་སྒལ་ཚིག་འོག་ཏུ།།
ཤར་རིའི་ཕྲག་གོང་གི་སྐྱ་རེངས་འཛུམ་མོལ་བྱེད་དུས།།
འདུ་ཚོམ་ཁྲ་ཕུང་གི་མདངས་ཁ་དྲུག་མཛེས་ཅན་གྱི།།
སྨིན་དྲུག་མཚོ་མོ་ཡང་སྐར་རྒྱན་མེ་ཏོག་ཡིན་འགྲོ།
ཁྱིམ་རྒྱུད་བརྒྱ་ཚོགས་ཀྱིས་སྟེང་འོག་དགུ་སྒྲིལ་བྱས་ཚེ།།
འཁོར་འགྲོས་བྱབ་ཆུང་གི་སྐར་ཁྱུ་འཁྱགས་འདར་རྩེད་དུས།།
ཨ་སྔོན་མེ་ལོང་ནང་འོད་ཀྱིས་ལྷང་ངེར་འགྱིང་བའི།།
ཟླ་བ་གོར་གོར་ཁྱེད་སྐར་རྒྱན་མེ་ཏོག་དངོས་ཡིན།།
གསེར་རྣ་ཁྲ་རྒྱན་གྱི་ཨ་ལོང་ཟར་བུ་བསྟར་དུས།།
རྒྱང་ཞགས་ཆུ་བུར་གྱིས་བག་ཆགས་ལན་དགུ་བགོས་ཀྱང་།།
སྲིད་ཞིའི་ས་མཚམས་ནས་ཕྱི་ལྟས་ཐེངས་གཅིག་མ་བྱས།།
རོགས་མེད་ཁེར་རྐྱང་གིས་མྱང་འདས་སྒང་ཟེ་འགྲིམ་རྒྱུ།།
བག་ཆགས་ཚ་སད་ཀྱིས་ཚོར་བ་དངངས་འཚུབས་བྱུང་དུས།།
ངེས་མེད་འགྲུལ་བཞུད་ཀྱི་རྨི་ལམ་རྒྱལ་ཁམས་འགྲིམ་པར།།
སྡུག་ཀུན་འཁོར་འབྱུང་གི་ལས་མཐའ་མ་རྫོགས་བར་དུ།།
མུན་སྨག་མཐའ་གསལ་གྱི་སྐར་རྒྱན་མེ་ཏོག་གསལ་དགོས།།
སྤྱི་ལོ་༢༠༢༠/༣/༨/ཉིན་/བསོད་ནམས་བློ་གྲོས་/ནས།