དཔོན་གསས་དཀར་པོ་དྲན་པ།
རྒྱ་མཚོའི་གོས་ཅན་དཀར་བའི་མཐའ་ངོགས་ཀྱི།།
ལྔ་བདོའི་རུ་སྤུངས་མཐུག་པའི་སྒལ་ཚིགས་ནས།།
ཟབ་ཅིང་དམར་བའི་བསྟན་ལ་ཉེན་དོགས་ཀྱིས།།
ཐུགས་བསམ་བོན་ལ་དཀར་བའི་ཁ་ཞེང་བརྒྱངས།།
གདམས་ངག་རྒྱ་མཚོ་བཞིན་དེ་ཐུགས་ལ་འཁྱིལ།།
གཡུང་དྲུང་དར་ཤམ་སྔོན་པོའི་པོ་ཏི་ཅན།།
དབུ་སྐྲ་དུང་ལ་འཁུ་བའི་དཔོན་གསས་རྣམས།།
ཆགས་ཤིང་ཕྱག་གིས་འཁྱུད་ནས་གངས་ལ་བརྒལ།།
ཐུགས་ལ་གཤོག་པ་ཐོགས་ནས་འཕུར་བ་དང་།།
གངས་ལ་གསེར་ཡིག་བྲིས་ནས་ཆེམས་པ་ཡིས།།
མཚོ་ལ་རི་མོ་མེད་པའི་རྟགས་གཅིག་བཞག།
གཤིས་ལ་གཤེན་བསྟན་གཅེས་པའི་ཐུགས་དམ་ཚ།།
དཀར་པོའི་བླ་དྭགས་ཆུ་ལ་གཡུག་མ་བྲ།།
མགོ་རྟིང་བསློག་པའི་ཆ་ལངས་བསྡེབ་ཉེ་དུས།།
རི་བོ་སྒང་དྲུག་བརྒལ་ནས་དལ་བུར་བསྐྱོད།།
དབྱངས་ལ་ཐུགས་སྟོབས་ཁེན་པའི་དུས་བཟང་ཤར།།
འཛུམ་ཀོང་སྤྱན་ཟུང་གསལ་བས་རྒྱང་ཞགས་ཆེ།།
སྙིང་རྗེ་འོ་མ་བཞིན་དུ་དཀར་བ་ཡིས།།
བུ་སློབ་སྟག་སེང་ཁྱུ་ཡི་སྐར་ཚོགས་བསྐྱངས།།
སེང་ལྡེང་ནགས་ཀླུང་མཐུག་པོའི་གསེབ་ཏུ་བཞུགས།།
གྲོ་རྒྱགས་ཁ་ཕོར་མ་ལྕོགས་བྲོས་བྱོལ་རྒྱག།
ལྟ་གྲུབ་བསྟན་ཕོར་བསྣམས་ནས་རྒྱངས་བཞུད་བྱས།།
ས་མཐར་གསེར་ཏོག་མཐོ་བའི་གསས་ཁང་ཕུབ།།
དེད་དཔོན་མཉམ་མེད་བླ་མ་འཛུམས་སུ་བཅུག།
བ་གམ་སེར་པོའི་རྩེ་རུ་མཚན་སྙན་སྒྲོན།།
གཤེན་རབ་སྔོན་པོའི་རུ་དར་མཁའ་རུ་བཙུགས།།
ཧྲག་དམག་རུ་དཔུང་མཐུག་པའི་མཚེར་ས་བསྐྲུན།།
འཆད་ཉན་གླིང་ཚན་དུ་མའི་སྒར་གཞིས་བཏབས།།
ཚུལ་ཁྲིམས་ཙན་དན་གཙང་མའི་དྲི་བསུང་ཞིམ།།
ཏིང་འཛིན་གངས་དཀར་ལྷུན་པོའི་བརྟན་བརྗིད་རྔམ།།
ཤེས་རབ་སྨྲ་སེང་དཀར་པོའི་མཁྱེན་དཔྱོད་ཕྱུག།
བསླབ་གསུམ་གཤེན་སྡེ་ཁྲི་ཡི་མཆོད་ཀོང་ཆགས།།
ཐུགས་གཤིས་བལ་དཀར་བཞིན་དུ་འཇམ་པ་ཡིས།།
དུས་ཀྱི་དྲགས་ཆར་རྒོད་པའི་རླུང་ནག་གསེབ།།
རུས་པ་ལྕགས་ལས་སྲ་བའི་དན་རྟགས་ཅན།།
མདོ་སྔགས་སེམས་ལ་བཅངས་བའི་དཔོན་གསས་མཛད།།
ཐུགས་རྒྱུད་དུལ་ནས་རྣམ་རྟོག་གཡུང་དུ་བབས།།
གནས་བབ་ཞན་ནས་འཁྱགས་ལྟོགས་ཁུར་པོ་ལྗིད།།
རས་རྐྱང་གཅིག་པུས་མདའ་མདུང་བཙན་པོ་བཀག།
ས་མཚམས་སོ་པའི་གསེབ་ནས་དལ་བཞུད་མཛད།།
པོད་ཀྱི་དཔངས་རྔམ་མཐོ་བའི་གནའ་ཤུལ་དང་།།
གནམ་གྱི་ལྕགས་རི་བཙན་པའི་གན་གཞུང་ནས།།
དམུ་ཐག་ཞང་གི་རྒྱལ་རབས་སྨྲང་དུ་འཚེར།།
སྟོད་ཀྱི་ལབ་རྩེ་གསོལ་བའི་འགྲུལ་བཞུད་དྲན།།
མེས་པོའི་པོ་ཏི་སྦོམ་པའི་མཚེར་ས་ནས།།
བཟོད་པའི་གོ་ཁྲབ་བཙན་པའི་ཁྱེའུ་ཟུང་།།
དཀར་པོ་སྒོ་བཞི་མཛོད་ལྔའི་འཕྲེད་ཐིག་གདབས།།
གཤེན་བསྟན་བསྲུང་བའི་ལྕགས་སྒོ་དམར་པོ་བཙུགས།།
ནགས་ཀྱི་སིལ་ཏོག་མོད་པའི་བྲང་ཁ་རུ།།
ལྗགས་ཀྱིས་འཆད་རྩོད་རྩོམ་གྱི་མངར་ཁ་མྱོངས།།
ས་མཐའི་སེམས་པ་དམར་པོས་གྲྭ་སློབ་བསྐྱངས།།
ཐོས་བསམ་བཤད་སྒྲུབ་སྒོམ་པའི་མཛད་འཕྲིན་སྤེལ།།
ཕྱོགས་རིས་ཟུར་གསུམ་ཚིག་གི་དབལ་ཁ་ལ།།
འཇམ་རྩུབ་ཇི་ལྟར་རྒོལ་ཡང་བཟོད་པ་བསྒོམས།
ཞེན་པས་ཕུ་ཐག་བཅད་ནས་དབེན་ས་འཚོལ།།
རྒྱང་རིང་སློབ་ཁྱུའི་བུང་བ་འཕུར་ལྡིང་མང་།།
ཁེར་རྐྱང་རྒྱངས་ལ་བྱོན་ནས་གྲྭ་ས་བཏབས།།
གྲྭ་རྐྱང་སྐྱ་ཡ་ཞིག་གི་ལས་དབང་བགོམ།།
ཟས་རྐྱང་ཐུག་པ་ཞིག་གིས་རྣམ་ཤེས་གསོས།།
མཛད་རྗེས་འགྲན་ཟླ་མེད་པའི་ཟླ་བ་ཆགས།།
ཁྲིམས་གཙང་བརྟན་རླིང་ཆེ་བས་གྲྭ་ས་རྒྱས།།
སྟབས་ཅན་གྲལ་ཀ་མཛེས་པོའི་སྒྲིག་གཞི་དང་།།
ཐོས་བསམ་ལས་མཐའ་སྐྱོང་བའི་མཛད་པ་ལ།།
བདག་སེམས་རྒྱངས་ནས་དད་བཞིན་ཡི་རངས་ཞུ།།
སྤྱི་ལོ་/༢༠༡༩/༡༠/༢༩/ཉིན་མོར་/བསོད་ནམས་བློ་གྲོས་/ནས་སུག་བྲིས་བགྱིས་སོ།།