གྲུབ་ཆེན་གཤེགས་པའི་གདུང་འབོད་ཀྱི་མིག་ཆུ།
དགེ་བཤེས་བསོད་ནམས་བློ་གྲོས།
༧ བགྲང་ཡས་ཚོགས་ཆེན་བསགས་པའི་སོན་ཤུགས་ཀྱིས།།
ཉམ་ཐག་ས་ཆེན་བསྐྱངས་བའི་སེམས་དཔའ་སྟེ།།
འགྲན་བྲལ་གྲུབ་ཆེན་མུ་ལའི་མཚན་ཅན་ཁྱེད།།
གློ་བུར་ཞིང་ཁམས་གཞན་དུ་གཤེགས་པ་སྐྱོ།།
སྣང་སྲིད་ཡོ་ལངས་ཆེ་བའི་སྒལ་ཚིགས་དང་།།
ལྔ་བདོའི་རུ་དཔུང་འཐུག་པའི་དཀྱོགས་མཚམས་སུ།།
སྡུག་གིས་མིག་ཆུ་འབྲུག་པའི་ཆག་སྒོ་སྟེ།།
གློ་བུར་ཁྱེད་ཉིད་གཤེགས་པ་གྱོང་གུད་ཆེ།།
ཁྱེད་ཀྱིས་སྐད་ཅིག་རེ་རེའི་དཀའ་ཐུབ་དེ།།
ཕལ་གྱིས་མི་ཚེ་གཅིག་ལ་འགྲུབ་མི་སྲིད།།
འགྲོ་དོན་ཁོབ་རྒྱ་ཆེ་བའི་སེམས་དཔའ་ཁྱེད།།
གློ་བུར་ཞིང་དུ་གཤེགས་པ་སེམས་ཕམ་ཆེ།།
དངུལ་ལོའི་དཔལ་འབྱོར་སྤྲུལ་སྐུ་ཁྱེད་མིན་ཀྱང་།།
ཁུག་ཀྱོག་ཁ་སྟབས་ཞན་པའི་དགོན་རི་ཁྲོད།།
གྲངས་མེད་རྒན་ཁོག་ཉམ་ཆུང་ཇོ་མོ་སོགས།།
ཡོད་ཚད་ཐུགས་ཀྱིས་གཟིགས་པའི་གསོ་བསྐྱངས་དྲན།།།
བླ་དྭགས་བླ་མིང་ཐོགས་ཚད་འདུ་རུག་བྱེད།།
དཀར་ལོ་སྐུ་ཤ་སུ་རྫིག་མ་ཡིན་པར།།
ཉམས་རྟོགས་ཁ་ཞེང་འགྲན་པའི་སྐབས་ཚེས་ན།།
ཁྱེད་ཀྱི་ཐུགས་རྗེས་སྟོང་གསུམ་ཁེབ་ཐག་ཆོད།།
མདོ་སྔགས་སེམས་ཀྱི་དགོངས་དོན་ཐུགས་ཀྱིས་བཞེས།།
སྤང་བསྒྱུར་གྲོལ་བའི་ཕྱག་ལེན་རྒྱུན་དུ་བསྟར།།
གཡུང་དྲུང་བསྟན་པའི་གྲུབ་རྟགས་བྲག་ལ་གཞག།
མཛད་འཕྲིན་བོན་ལ་བསྐྱངས་མཁན་ཁྱེད་འདྲ་དཀོན།།
འཆི་བདག་ནག་པོས་ཞགས་ཀ་མ་ཐེབས་ཀྱང་།།
མི་རྟག་ཚུལ་གྱིས་འགྲོ་དོན་ཞིང་ཁམས་བརྗེས།།
ཁྱེད་ཉིད་ཞིང་དུ་གཤེགས་པའི་གྱོང་གུད་ཀྱིས།།
དགོན་ཆུང་རི་ཁྲོད་དུ་མ་ཁོག་སྟོངས་གྱུར།།
ཉམས་ལེན་ཏིང་འཛིན་ཟས་ཀྱིས་སྐུ་ལུས་འཚོས།།
མཁྱེན་དཔྱོད་ཐབས་ཤེས་ཟབ་མོས་གདུལ་བྱ་དྲངས།།
རྒྱུན་དུ་སྦྱིན་པ་རྣམ་བཞི་ཆད་མེད་བསྐྱངས།།
ཉིན་མཚན་དུས་དྲུག་དགེ་སྦྱོར་བྲལ་མ་མྱོངས།།
ཐོབ་དང་གོ་ས་ཐུགས་ལ་འཆར་མྱོངས་མེད།།
རིགས་དང་རུས་པ་དེ་བས་འགྲན་བསམ་མེད།།
ཉིན་སྐར་ལྟ་བུ་ཐུགས་རྗེའི་འབྱུང་གནས་ཏེ།།
ངེས་དོན་གཡུང་དྲུང་བསྟན་པའི་སྒྲོན་མེ་ཁྱེད།།
དུག་ལྔའི་གདོན་གྱིས་བརྒྱངས་བའི་སེར་གཟུཌ་མང་།།
ཆབ་དཔལ་འགྲན་རྩོད་རྒྱས་པའི་དུས་ཚིགས་སུ།།
འཇིག་རྟེན་བོན་བརྒྱད་བྲལ་ལ་ཐུགས་ཐག་བཅད།།
འདོད་ཡོན་བློ་ཡིས་ཐོངས་མཁན་ཁྱེད་ཉིད་ཙམ།།
དཀར་ལོ་སྐུ་ཤ་ཚོན་པའི་སྟོན་འཁོར་ཅན།།
ཁ་ནས་ང་ཡིན་ཁོ་ཡིན་མང་མོད་ཀྱང་།།
རིན་ཆེན་གྲམ་དཔུང་འཐུག་པའི་ཞིང་ས་ནས།།
ཉམས་ལེན་དོན་སྙིང་ལོན་མཁན་ཁྱེད་འདྲ་དཀོན།།
ཡང་རྩེ་ཀ་དག་ཆེན་པོའི་གུར་ཁང་ནས།།
ལྷུན་གྲུབ་ཉམས་དགའི་སྒྲོན་མེ་ཚེ་འབར་ཁྱེད།།
ཉམས་ཆེན་རྣལ་འབྱོར་གསོན་པོའི་གསེར་གྲལ་ནས།།
གློ་བུར་ཞིང་ཁམས་གཞན་དུ་གཤེགས་པ་སྐྱོ།།
དངུལ་ལོ་སྐར་མ་གཅིག་ལ་ཞེན་ཆགས་མེད།།
ཡོང་འབབས་སྒོར་མོ་གཅིག་གིས་རྒྱས་སྤྲོས་མེད།།
ཡོད་ཚད་འགྲོ་ལ་སྦྱིན་པའི་ཕྱག་ཟུང་ཡངས།།
ཁྱེད་ཉིད་གང་ཕེབས་གཞན་དོན་ཁོ་ན་འོ།།
སྐུ་ཚེ་བསྟན་དོན་སྐྱོང་ལ་མི་ངལ་བ།།
ཉམ་ཆུང་བོན་འབངས་བསྐྱངས་བའི་ཕ་མ་དངོས།།
ཁ་ཟས་རྒྱས་སྤྲོས་སྤངས་པའི་དཀའ་ཐུབ་པ།།
གློ་བུར་ཞིང་ཁམས་གཞན་དུ་གཤེགས་པ་སྐྱོ།།
བསྟན་པའི་དབུགས་རྒྱུན་ཆད་ལ་ཁར་ཉེ་བའི།།
མྱི་ཆེན་ཚོན་པོས་བདག་སྐྱོང་མེད་ས་སྟེ།།
ཉམ་ཆུང་ལུང་ཁུག་དགོན་སྡེ་རི་ཁྲོད་ཕལ།།
ཆ་རྐྱེན་ཡོད་ཚད་ཁྱེད་ཀྱིས་བསྐྲུན་ནས་བཞེངས།།
འགའ་ཡིས་འབྱོར་བ་ཞན་དུས་རེ་བཅོལ་བཞིན།།
ཁྱེད་ཀྱིས་རྒྱུ་ཚེགས་ཕོན་གྱིས་བཞེངས་ཚར་དུས།།
ཆབ་སྲིད་ཅན་ཚོས་ཁེ་དབང་མ་སྤྲད་ཀྱང་།།
བདག་དབང་འཁོན་འཛིན་བྱས་པའི་ལོ་རྒྱུས་མེད།།
ཁོར་ཡུག་རྭ་ཅོ་འདྲ་བའི་མུན་ནག་ནང་།།
འཁྲུལ་རྟོག་ཀོ་གྱོང་འདྲ་བ་བརླན་པར་དགོངས།།
གདམས་ངག་བདུད་རྩི་འདྲ་བའི་མན་ངག་གཏོར།།
སེམས་ཅན་འབུམ་གྱི་སེམས་རྒྱུད་གཡུང་དུ་ཕབ།།
ཐོས་བསམ་སྒོམ་པའི་འབྲས་རྟགས་བོན་ལ་བཞག།
མདོ་སྔགས་སེམས་ཀྱི་གདམས་ངག་སློབ་མར་གནང་།།
ཁྱེད་ཉིད་གང་འབྱོན་ཁྱེད་སློབ་དངོས་མ་བསྐྲུན།།
བྱ་བྲལ་རྣལ་འབྱོར་གངས་ཅན་གང་བར་མཛད།།
ཐུགས་བརྩེས་སྐྱོབ་འོག་མ་ཚུད་འབངས་ཞིག་དཀོན།།
རླབས་ཆེན་འཕྲིན་ལས་དྲན་པ་ཐེངས་གཅིག་མིན།།
ཞི་བའི་ས་ནས་ཞིང་དུ་གཤེགས་མཁན་ལགས།།
ཁྱེད་ཀྱིས་བསྟན་འགྲོ་བསྐྱངས་ཚུལ་མཛད་རྣམ་དྲན།།
ཞི་བ་ཆེན་པོའི་སངས་རྒྱས་དངོས་བྱོན་ཁྱེད།།
འགྲོ་དོན་ཕྱོགས་རིས་ཐུགས་རྗེ་ཉེ་རིང་མེད།།
ཁྱེད་ཐུགས་སྤྱན་གྱིས་འགྲོ་བར་རྟག་གཟིགས་ཀྱང་།།
ཇི་བཞིན་མཁྱེན་པའི་ཡང་སྲིད་དངོས་འཁྲུངས་སྨོན།།
༧ སྤྱི་ལོ་/༢༠༢༠/༢/༢༢/ཉིན་དུས་རབས་ཀྱི་ཆ་འཕྲིན་ལམ་ནས་རྣ་ལམ་དུ་མི་སྙན་པའི་གཏམ་ནག་པོ་ཞིག་ཐོས་ཏེ། བོན་གྱི་གྲུབ་ཆེན་མུ་ལའི་མཚན་ཅན་ཁྱེད་སྐུ་ཞིང་ཁམས་གཞན་དུ་ཕེབས་པ་ཐོས་མ་ཐག་བོན་འབངས་ཡོངས་ལ་སྐྱོ་བ་ཚད་མེད་ཅིག་སྐྱེ་དགོས་བྱུང་བ་བཞིན། ཁྱེད་གསུང་གདམས་ངག་ཟབ་མོ་མྱོངས་རོལ་བྱས་མྱོངས་བའི་བུ་སློབ་བདག་ལ་ཡང་སེམས་ཕམ་ཚད་མེད་བྱུང་བས་གདུང་འབོད་མྱ་ངན་ལྷན་དུ་ཞུ་བའོ།།