སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གོ་ལྔའི་གསེར་གྱི་ཁྲི་འཕང་མཇལ་ཏེ་ཉེར་ལྔའི་དུས་ཆེན་དགའ་བས་བསུ།
[ 2020/1/25 15:43:00 | By: vase ]
 


གོ་ལྔའི་གསེར་གྱི་ཁྲི་འཕང་མཇལ་ཏེ་ཉེར་ལྔའི་དུས་ཆེན་དགའ་བས་བསུ།



༧  གྲངས་མེད་བསྐལ་བའི་རྨིད་ཐག་ཁྲི་ཚད་དམུ་ཐག་དཀར་པོ་མགུལ་དུ་འཁྱུད།།

བགྲང་ཡས་ཚོགས་གཉིས་བསགས་པའི་སོན་སྐྱེད་ཆབ་ཀྱིས་སྡུད་པའི་རུམ་ལས་སྨིན།།

བསྐལ་ཁུགས་སྟོན་པའི་ཆགས་ཤིང་སྔོན་པོ་ཐུགས་དམ་ཚ་མོར་ཕྱག་ཏུ་བཅངས།།

ཤེས་རབ་དབྱངས་ཀྱི་གདམས་ངག་ཟེགས་མ་གོ་ལའི་ཁྱོན་དུ་ཁྱབ་བདལ་མཛད།།


འགྱུ་འགྲོས་དུས་ཀྱི་གསར་རྙིང་ཁུག་པ་གཡང་གཟར་བགབ་མའི་དཀྱོགས་མཚམས་སུ།། 

བསོད་བདེའི་ལྷ་སྐལ་གྱེར་བསྟན་དབུགས་རྒྱུན་བླ་ཚེ་ཕྲ་བའི་དྲག་ཆར་གསེབ།།

སྐུ་སྲོག་དམར་པོ་འབན་དུ་སྐྱིན་ནས་མི་ཤིག་སེམས་ཀྱི་གོ་ཁྲབ་མནབས།།

ཤ་རྗེན་རློན་པས་གངས་འཁྱགས་གཤགས་ནས་རིམ་པ་དགུ་ཡི་གངས་ལ་བརྒལ།།


དད་རྟེན་ཟབ་མོ་འགངས་ཆེན་ནོར་བུ་གསུང་མཆོག་རྟེན་སོགས་མཇལ་སྐལ་བཞག།

མདོ་སྔགས་སེམས་སོགས་མན་ངག་ཀུན་གྱིས་ཁྱེད་ཐུགས་གསང་གུར་བཀང་ནས་བྱོན།།

འགལ་རྐྱེན་མང་ལ་འགོག་རྐྱེན་ཉུང་དུས་གྱེར་གྱི་བླ་ཚེ་ཁྱེད་ཀྱིས་བསྲུངས།།

གཡུང་དྲུང་སྔོན་པོའི་ཀ་གདན་བཀོད་ནས་བསྟན་པའི་ཀ་བ་ཁྱེད་ཀྱིས་བསླངས།། 


ཀུན་གསལ་འོད་ཀྱི་ཞི་བསིལ་འཐུག་བའི་ཟླ་བ་དཀར་པོའི་བད་འོག་དང་།། 

གྱེར་ནག་ཚང་གི་མེས་པོའི་ཞལ་ངད་གངས་ཆར་འཚུབས་པའི་སྒང་ཟེ་ནས།།

གྲུབ་མཐའི་ཆུ་འགོ་བདེན་ཁའི་གཡུང་དྲུང་བྲག་ལ་བྲུས་པའི་དན་རྟགས་ཀྱིས།།

ས་མཐའི་གན་ནས་གད་རྒྱངས་བསྒྲགས་ཏེ་རིམ་དགུ་ཐེག་པའི་ཚོམས་ཆེན་བསྐྲུནད།།


གཤེན་རབ་གཤེགས་ནས་ཉི་མ་མ་ཤར་གསར་རྙིང་དུས་ཀྱི་སོ་མཚམས་དང་།། 

སྡུག་གི་མིག་ཆུས་བསྔོ་རྟེན་ཞུ་སའི་སྐྱབས་རྟེན་མེད་པའི་སྨག་ནག་ནང་།། 

དབྱངས་གསལ་གདངས་ཀྱི་པོ་ཏི་སྔོན་པོའི་བདག་པོ་གྲུང་མ་ཉུང་བའི་དུས།།

སྐྱབས་ཀྱི་ཡུལ་མཆོག་ཞྭ་དཀར་ཚང་གི་སངས་རྒྱས་གསོན་པོ་ཁྱེད་གཅིག་པུ།།


དུག་ལྔ་རྒོད་པའི་དུས་ཀྱི་རུ་བདོ་གསར་རྙིང་འཕྲང་གི་དཀྱོགས་མཚམས་ནས།།

རང་སྲོག་རང་བསྟན་རང་གིས་གཅེས་པའི་བློ་གྲོས་ཐུགས་སྤོབ་གནམ་ལས་མཐོ།།

ཁྱུང་ཆེན་ཐུགས་ལ་གཤོག་པ་ཐོགས་ནས་མཁས་གྲུབ་བྱེ་བའི་འཕུར་ལམ་བགྲོད།།

ཁ་ཕོར་མེད་ཀྱང་བསྟན་ཕོར་བསྣམས་ནས་གངས་འཁྱགས་གཤགས་པའི་དཀའ་སྡུག་དྲན།།


དད་པའི་སྟོན་འཁོར་བོན་འབངས་སྟོང་ལ་གཞི་ལམ་ཟབ་མོའི་ཐར་ལམ་སྟོན།།

ཤེས་བྱ་ཀུན་གསལ་ཤེས་རབ་བརྒྱ་ཡི་ཁྱེད་ཉིད་ཕྱོགས་སྟོན་འཁོར་ལོ་དངོས།།

ཕལ་གྱིས་མི་དཔོག་རྒྱང་གི་ཤེས་བྱ་མ་སྒྲིབ་བདེན་མཐའ་ཝ་ལེར་མཁྱེན།།

ཡང་དག་མ་རྟོགས་སྨག་ནག་གཤགས་པའི་བོན་འབངས་ཁྲི་ཡི་མཆོད་ཀོང་ཁྱེད།། 


ཤེས་བྱ་གཏུབ་པའི་ཤེས་རབ་ཐུགས་སྤོབ་གནམ་ལས་མཐོ་བའི་རུ་དར་ཕྱར།།

གཤེན་བསྟན་གཅེས་པའི་གཤེན་རབ་ཐུགས་དམ་ལྕགས་ལས་སྲ་བའི་ཨ་ལོང་བཙན།།

ཐུགས་ཉིད་ཆེན་པོ་ཞི་བའི་ངང་ལས་གཡོ་བ་མེད་པའི་སྤྱན་ཟུང་བརྐྱངས།། 

འཛམ་གླིང་བླ་མས་འཛུམ་ཀོང་ཐུགས་བརྩེ་འོ་མ་བཞིན་དུ་བོན་ལ་དཀར།།


འཆད་པ་བོན་གྱི་ཐོས་བསམ་ཉི་མའི་གླིང་བཞིའི་འཁོར་ལོ་ཀླད་ནས་བསྐོར།། 

རྩོད་པ་ཐོག་ཆར་མི་འཇིགས་རྒོལ་བས་ལུང་རིགས་ཉི་འོད་ཕྱོགས་བཅུར་སྤྲོས།།

རྩོམ་པ་བདུད་རྩིའི་རིན་ཆེན་རིལ་བུས་སློབ་འབངས་འབུམ་གྱི་གསང་གུར་བཀང་།།

ཁྱེད་ཐུགས་ཐོས་བསམ་སྒོམ་པའི་རླབས་ཀྱིས་བཤེས་གཉེན་བརྒྱ་ཕྲག་སྟོང་ཕྲག་བཞེངས།། 


གོ་ས་ཞིག་དང་ཐོབ་ཐང་བསམ་ནས་རིགས་དང་རུས་ཀྱིས་བཀྱགས་མ་མྱོངས།།

ལྟག་དགྱེའི་གཟུར་འགྲོས་སྙན་གྲགས་བསམ་ནས་སྲིད་ཀྱིས་ཆོ་ལོ་མ་བཙལ་བའི།།

སྐུ་ཚེ་གང་པོར་དཔེ་གཞུང་འགྲིམས་པའི་དོན་གྱི་སངས་རྒྱས་གསོན་པོ་སྟེ།། 

སྣང་སྲིད་གང་གིས་འགྲན་པའི་ཟླ་བྲལ་སྨྲ་དབང་ཡོངས་འཛིན་ཆེན་མོར་བསྟོད།། 


ཐོད་དཀར་སྲས་པོའི་ཐབ་ཚང་ནང་དུ་དྲུང་མུ་གྱེར་གྱི་ཐབ་ལྷ་གསོས།། 

གཞན་བསྟུན་མི་དགོས་རང་རྐྱ་ཕེར་བའི་སྒོ་བཞི་མཛོད་ལྔའི་ལྕགས་རི་བརྩེགས།།

གཤེན་བསྟན་དབུགས་རྒྱུན་སླར་གསོ་མཛད་ནས་བཤད་སྒྲུབ་ཀ་ཆེན་ཤེད་དུ་བསླངས།། 

སྲིད་པའི་གངས་རྒན་ཞྭ་དཀར་ཚང་གི་མཉམ་མེད་བླ་མ་དགྱེས་སུ་བཅུག། 


བཅུ་རིག་འདབ་མའི་ཁོ་ལག་རྫོགས་པའི་དཔག་བསམ་ལྗོན་པ་ཆེན་པོ་ཁྱེད།། 

སྐད་རིགས་དུ་མས་སྐད་ཡིག་བསྟན་པའི་ཕྱོགས་སྟོན་འཁོར་ལོ་ཆེན་པོ་ཁྱེད།།

ཡེ་རིག་ངེས་དོན་ཡོན་ཏན་ཡོངས་རྫོགས་ཡིན་ལུགས་རྫོགས་པ་ཆེན་པོ་ཁྱེད།། 

བླ་མའི་བླ་མ་ཆེན་པོའི་ཆེན་པོ་ཡོངས་འཛིན་ཆེན་པོ་ཡོངས་ཀྱིས་བསྟོད།།


སྲིད་པའི་བླ་རི་གངས་རྒན་དཀར་པོ་ཞོ་སར་འདྲ་བའི་ཕར་ཟུར་ནས།།

མདོ་སྔགས་སེམས་ཀྱི་གདམས་ངག་མངར་མོ་འོ་མ་བཞིན་དུ་ལྷོག་ལྷོག་བསྐོལ།།

གནའ་དེང་ཟུང་གི་ཤེས་རིག་མོད་པའི་ཤེས་བྱའི་མཚེར་སྒར་དུ་མ་བཏབས།།

རུས་ཀྱི་ཁ་ཡིག་དབྱངས་ཀྱིས་ཚེམས་པའི་གངས་དཀར་ཚང་གི་གདག་གཞིས་བཟུང་།། 


དྲུང་མུ་གྱེར་གྱི་གྲུབ་མཐའི་ཚེ་ཐག་མདངས་ཁ་སྔོན་པོའི་དར་ཤམ་ཅན།།

ཕྱི་ནང་གསུང་གསུམ་ཐུགས་ཀྱིས་བགྲོས་ཏེ་པོ་ཏི་སྦོམ་པའི་མཚེར་ས་ནས།། 

དྲང་སྲོང་རྒྱལ་བའི་ཚངས་ཐིག་དཀར་པོ་མཉམ་མེད་ཚང་གི་གསེར་གྲལ་རྩེར།།

སྟོང་གསུམ་རིན་ཆེན་བྱུར་བུར་སྤུངས་པའི་གོ་ལྔའི་ཁྲི་འཕང་ཁྱེད་ཀྱིས་བཞེངས།།


བསོད་ནམས་སྟོང་གིས་མཐུ་དཔལ་རླབས་སྨིན་སྐལ་བཟང་དགེ་བའི་གང་བ་ནས།།

ཤེས་བྱ་གསེད་བཀྲོལ་ཤེས་རབ་དཀར་པོ་ཡང་དག་ཐར་ལམ་སྟོན་མཛད་མཁན།།

འཆིང་རྒྱ་རལ་ནས་རྩལ་གསུམ་རྫོགས་པའི་མཁས་གྲུབ་ཁྱུང་ཆེན་དཀར་པོ་སྟེ།།

ཀུན་མཁྱེན་ཆེན་པོ་ཀུན་འགྲུབ་རྒྱལ་གྱིས་བསྟན་པ་བསྐྱངས་བའི་མཛད་པར་བསྔགས།།


བསྐལ་པའི་འཕེལ་གྲིབ་འབྱུང་བའི་གཡོ་བསྐྱོད་སྣང་སྲིད་ཁྲི་མ་འབུམ་འདུས་ཀྱི།། 

སྲིད་པའི་དགེ་མཚན་ངོ་མཚར་ཁྲི་འབུམ་དཔང་ཆེན་གཏོས་ཀྱི་ལྟད་མོ་ལས།། 

སངས་རྒྱས་བསྟན་པའི་སྲོག་གི་རྩ་ལག་ཡིད་འོང་བཤད་སྒྲུབ་ཞིང་བཀོད་བཞེངས།།

གདམས་དོན་སྟོང་གི་གོ་རྟོགས་ཟབ་མོས་ཤེས་རབ་དཔལ་གྱི་གྲེ་ཁ་བསྩལད།། 


ཉིས་བརྒྱ་ལྔ་བཅུའི་དྲི་བསུང་འཐུལ་བའི་མདངས་མཛེས་སྐུ་མཚན་མེ་ཏོག་གི།

འདབ་ལྡན་ལྗོན་པའི་བཅུ་རིག་ཟེ་འབྲུ་གངས་དཀར་གཞུང་དུ་ལམ་མེར་་བཀྲ།།

ལྷ་ཡི་གསུང་དབྱངས་འཕར་ཆེན་དཀར་པོ་སྟོང་གསུམ་ཀུན་ལ་ལྷང་ལྷང་གྲགས།། 

ཟབ་ཆེན་གངས་ཀྱི་གདམས་དོན་ཆད་མེད་ཁ་འབབས་ཆུ་བཞིའི་རླབས་ལ་བསྲེས།།


གཅེས་པའི་ཐུགས་སྟོབས་ཞུམ་པ་མེད་པའི་ཡོངས་ལས་མཐུ་བྱིན་བླ་རུ་འཕགས།། 

ཟབ་མྱུར་གསལ་བའི་ཤེས་རབ་རྣོན་པོས་རང་གི་རིག་གནས་གསལ་ཁ་བཀྲལ།། 

དཀའ་གནད་གསེད་བཀྲོལ་མན་ངག་གསེར་ཕྱེ་གསུང་འབུམ་གསེར་རིའི་དེབ་ཕྲེང་སྤུངས།། 

རྗེས་འཇུག་དུ་མས་བདེན་མཐའ་གསལ་བའི་སྲིད་པའི་རྒྱང་ཤེལ་རྗེས་བཞག་མཛད།། 


ཚེ་རབས་འབུམ་གྱི་ཚོགས་བསགས་རྫོགས་ལྡན་གོ་ལྔའི་བསོད་ནམས་ཉི་མ་ཤར།།

དུས་བཟང་སྒུག་པའི་སྐལ་བཟང་དགུང་དུ་ཉེར་ལྔའི་རྟེན་འབྲེལ་ཟླ་བ་ཚེས།།

ལྷ་མི་གཤེན་འཛོམས་ཞི་བདེའི་སྐར་ཚོགས་བོན་འབངས་འཚོས་པའི་དཀྱིལ་དུ་བཀྲ།

གོ་ལྔ་ཉེར་ལྔའི་མཛད་བཟང་དུས་ཆེན་དགེ་མཚན་སྟོང་གི་དཔལ་ཡོན་ཕྱུག།


ཞི་བའི་ཁ་ཞེང་ས་ཆེན་སེམས་དཔའི་མཛད་འཕྲིན་འཛམ་བུ་གླིང་དུ་ཁྱབ།།

ཆེ་བརྗིད་ཟིལ་གནོན་མི་འཇིག་གཅན་ལྔའི་གསེར་གྱི་ཁྲི་འཕང་དགུང་ལ་བཀྱགས།།

གཞའ་ཚོན་བྲིས་ལེགས་གངས་ཀྱི་མུ་ཁྱུད་གཡུང་དྲུང་བཀྲ་བའི་བླ་བྲང་ནང་།།

འགྲོ་བའི་དེད་དཔོན་སྐྱབས་ཀྱི་ཡོངས་འཛིན་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག། 


  སྤྱི་ལོ་/༢༠༢༠/༡/༢༥/ཉིན་བོན་འབངས་སྤྱི་བོ་གནམ་སྟོན་ཡོངས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་གང་པོར་བསྟན་དང་འགྲོ་བའི་དོན་དུ་མཛད་འཕྲིན་གྲངས་མེད་བསྐྱངས་བའི་སྐུ་ཚེ་གཡུང་དྲུང་རི་མོ་གོ་ལྔའི་ཁྲི་འཕང་ལ་བརྒྱན་པའི་སྐལ་བཟང་རྟེན་འབྲེལ་གྱི་ཉིན་མོར་དད་གུས་སྤྲོ་བ་འཕེལ་བཞིན་རྒྱུན་ལྡན་”བསོད་ནམས་བློ་གྲོས་”ཞེས་འབོད་ཀྱང་རབ་བྱུང་གི་མིང་ལ་མཁར་སྤ་”བསོད་ནམས་ཚུལ་ཁྲིམས་”འབོད་པ་བདག་གིས་བྲེལ་ཟིང་གསེབ་ཏུ་ཚིག་སྙན་པོ་ཞིག་མ་ཐོན་ཀྱང་མཎྲལ་རྟེན་བཞུགས་ཀྱི་དོད་དུ་རང་སྡོད་དཔེ་ཤག་ཁང་ནས་ཕུལ་བའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.