སྐད་ཡིག་སྐྱེ་སོན་གསེབ་ཀྱི་སྐད་ཆ་སྐྱ་མ་ལྷོག།
ངད་ཀྱི་གངས་ཆར་འཕྱུར་བའི་སྒང་ཟེ་དང་།།
ཆེ་བཙན་ཆོ་ངེ་བསྒྲགས་པའི་གྲུ་ངོགས་སུ།།
ལྗགས་ཀྱིས་ཨ་ལན་བཏབ་པའི་ཐ་ཚིག་གིས།།
རྒྱུ་སྐུད་མདུད་པ་འབུམ་གྱིས་ཐ་རམ་བརྒྱབ།།
དབྱངས་ཀྱིས་འཕྱངས་འཕྲུལ་བསྟར་བའི་སྲུབ་ཀ་ནས།།
གདངས་ཀྱིས་ཁ་ཕྲུ་ཚེམས་པའི་གནའ་ཤུལ་དུ།།
ལང་ཚོ་གོག་མ་སྦུད་ཀྱི་སྟང་སྟབས་ལ།།
ཕྲག་དོག་དུག་གི་དབྱུག་ཐོ་བསྣུན་གྲངས་མང་།།
ཞེ་མཐུན་ཨ་ལོང་ལྷོད་པའི་རབས་ཀ་ནས།།
རིས་ཕྱོགས་འཁྲེང་འཛིན་རྒོད་པའི་དུས་ཐེམ་འོག།
ལྟ་བ་གསར་རྙིང་བསྣོལ་བའི་གད་ཤུལ་དུ།།
རྟོག་པའི་སོ་ཁ་སྒྲིག་རྒྱུ་ཞལ་མ་ཆེམས།།
སྐྱིད་སྡུག་རུ་དཔང་མཐོ་བའི་བར་ཁྱམས་སུ།།
སྟབས་བདེས་སྦྲག་སྐད་བསླས་པའི་སྡུག་ཡུན་གྱིས།།
དཔྱོད་ལྡན་ཁེ་ཚུགས་གཉོམ་པོས་སྨྲེ་ངག་ཤོར།།
ནག་ཉེས་མཚང་གི་ཨ་འཐས་འཁངས་རས་གཏོར།།
འོད་ཀྱི་དུང་ཤོག་དཀར་བའི་འཕྲེད་ཐིག་ནང་།།
གྲུ་ཁ་གསེར་གྱིས་ཚོན་ནས་ཆབ་རིས་གཏོད།།
གངས་ཀྱི་བདག་རི་དཀར་བའི་སྤ་རྒྱན་ཏེ།།
ཚེམས་ཐག་དབྱངས་གསལ་སྟོང་ལ་རིན་ཐང་ཕྱུག།
ཆ་ལུགས་ཡ་མ་ཟུང་གི་ཟློས་གར་གསེབ།།
གོམ་སྟབས་ར་མ་ལུག་གི་འཁྲབ་སྟོན་གྱིས།།
ཀ་ཁ་ཤི་མ་གསོན་གྱི་ཁུགས་སུ་བསྐྱེལད།།
དཔྱོད་ལྡན་སེམས་པའི་ཁུད་ནས་ཐ་ཚིག་བསྒྲགས།།
སྒྱུ་རྩལ་གར་ལ་རྩེད་པའི་བྲེལ་ཚུབས་ནང་།།
རང་ཡིག་དབྱངས་ཀྱི་སྐུད་པ་ཕལ་གྱིས་བོར།།
འདུ་བྱེད་སེམས་ཀྱི་ཁུག་མ་སྟོངས་ཉེན་འདི།།
རྒྱུན་མཐུད་བག་ཆགས་ཡལ་བའི་སྔ་ལྟས་ཤིག།
ཚིག་གི་ཕྲེང་ཐག་དམ་པའི་གྲུ་འཛིན་དང་།།
དབྱངས་ཀྱི་གྲམ་སྤུངས་མཐུག་པའི་གོང་བ་རུ།།
ཟབ་དོན་པོ་ཏི་མོད་པའི་མཚེར་སྒར་ནང་།།
བརྗོད་བྱ་ཁ་ཞེང་ཆེ་བའི་གད་རྒྱངས་བསྒྲགས།།
སྲིད་པ་གཡུང་དྲུང་སྔོན་པོའི་དར་ཤམ་ཅན།།
དམུ་རིགས་ཐེམ་པ་སྐས་ནས་གཏེར་ཁ་བརྡོལ།།
རིན་ཆེན་དཔའ་བོ་འབྲུ་ལྔའི་ལྗོན་པ་བཙུགས།།
གསལ་བྱེད་དབྱངས་ཀྱི་ཆུ་འགོ་ཚེགས་ཀྱིས་དྲུས།།
རིགས་ཀྱི་ཞེན་པ་འཐུག་པོའི་བག་ཆགས་དང་།།
རུས་ལ་སྙིང་རྗེ་དཀར་པོའི་མདངས་ཡོད་ན།།
ཐུགས་ཀྱིས་གཅེས་ལོ་བསྲུང་བའི་གོ་ཁྲབ་སྟེ།།
ནོམ་ཆེན་དབྱངས་གསལ་མནོག་པོ་བརླག་མི་རུང་།།
ཡོན་ཚད་མ་རྩས་སྟོངས་ཀྱང་ཀླད་གསར་འདྲོགས།།
དམ་བཅའི་ལང་ཕྱོགས་མེད་ཀྱང་འཕག་ཚགས་ཆེ།།
ཉམས་ཀྱི་ཨོ་གཟོབ་རྒྱས་པའི་དུས་རབས་འདིར།།
སྤོབ་གཏམ་གནམ་ས་འབྲུག་པའི་ལད་ཅན་མང་།།
འཁྲས་གཞི་བདག་རི་དཀར་ལ་འོད་འཇམ་ཅན།།
སྒང་གཤོང་དཀར་ཡུག་བདལ་བའི་བདག་པོ་སྟེ།།
གནམ་གྱི་ཁ་བ་ལྷ་མོས་འཛུམ་མདངས་སྤྲས།།
ཚོར་གསུམ་ཚིག་གི་ང་རོ་ཐེངས་མང་བསྒྲགས།།
ཞང་ཞུང་གནའ་གྲོང་གཤགས་པའི་བློ་མིག་གིས།།
ཆབ་ཀྱིས་མགྲིན་པ་རླན་པའི་མལ་ས་བཙལ།།
དབྱངས་ཀྱི་རྒྱ་མཚོ་འཁྱིལ་བའི་སྤང་གཞུང་དུ།།
ཟིལ་མངར་གདངས་ཀྱི་འོ་མ་ཤུགས་སུ་བཞོ།།
༢༠༢༠/༡/༡༠/ཉིན་གྱི་ཕྱི་དྲོ་ཁྱུང་བསོད་ནམས་བློ་གྲོས་ནས་ཤར་ཤར་འཁྱུག་གོ།