སྣང་ཚུལ་སྣ་ཟིན་སྤུ་ཟིན།
སྲིད་པ་རྟེན་འབྲེལ་བསྡེབས་པའི་ནམ་ཟླ་ཡི་ཁྲོད་ནས།།
དཔྱད་ཞིབ་ལས་འབྲས་བསྲུང་བའི་དོད་པོ་ཞིག་ཡིན་ཆོག།
དབང་པོ་ཡན་ལག་ཚང་བའི་དལ་འབྱོར་ལ་བསམ་དུས།།
གཉིས་དོན་སྤུ་ཙམ་མ་འགྲུབ་ལས་དབང་འདི་སྐྱོ་ཉེན།།
འཚོ་བ་ངན་ངོན་ཙམ་གྱི་མི་ཚེ་ལ་བསམ་དུས།།
ཕ་རོལ་ཕྱི་མ་འགྲིམ་པའི་རྒྱགས་ཕྱེ་ཞིག་མེད་ན།།
ས་ཁམས་འདོད་ཡོན་རོལ་བའི་སྤྱོད་སྐལ་ཞིག་མ་ཐོབ།།
ལང་ཚོ་མལ་སར་རུལ་བའི་སྣང་ཚུལ་འདི་སྐྱོའོ།།
འདོམ་གྱི་ཁ་དང་ལག་པས་སྒུལ་སྐྱོད་ཅིག་མ་ཕོད།།
རིལ་རིལ་གོ་ལའི་སྒང་དུ་འབད་བརྩོན་ཞིག་མེད་ན།།
ཟ་གོས་ཕུན་ཚོགས་ཤིག་གི་སྟབས་ཀ་རང་བསམ་སྟེ།།
ཟ་ཁ་ལྷ་ལ་གདང་ནས་བེམ་ཁོག་འདི་རུལ་ཉེན།།
རིགས་ཀྱི་སྲང་རྒྱ་འགྲིམ་པའི་ལས་དབང་ལ་བསམ་དུས།།
དོན་གྱི་སྙིང་པོ་ལེན་རྒྱུའི་བགོ་སྐལ་ཞིག་མང་ཡང་།།
ཉམས་ཀྱིས་ས་ཆོད་མེད་པས་ལོ་ཟླ་རང་བརྩེགས་ན།།
གནད་ཀྱིས་ས་མཐར་ཕིག་པའི་གོམ་ལག་ཅིག་རྒྱས་དཀའ།།
དཀའ་བའི་ལ་མོ་གཟར་བའི་སྐྱིད་སྡུག་གི་བྲང་ནས།།
བག་ཆགས་གསོས་སུ་སྡེབ་པའི་རུ་མ་ཞིག་མེད་ན།།
འབད་པ་བརྒྱ་ཡིས་བཀོལ་ཡང་འགྲུབ་རྒྱུ་ཞིག་དཀོན་པས།།
མདུན་མའི་བྱ་བཞག་བསྐྱང་ལ་ལས་དབང་དེ་ཁས་བཙན།།
ཚེ་ཡི་བྲེ་ཁ་གང་བའི་བསོད་ནམས་ཀྱི་དག་ཞིང་།།
རྩ་ལག་སེམས་ཀྱིས་བསྐྲུན་པའི་ལོ་ཟླ་དེ་མ་དབང་།།
ཡན་ལག་ཤ་ཤེད་ཉམ་པའི་ལུས་ཟུངས་ཤིག་ཟད་དུས།།
ཕྱི་མའི་གནམ་མཐའ་རིག་པའི་ལན་ཀ་ཞིག་རྒྱས་དཀའ།།
རང་སྐྱོན་རི་བོའི་ལྐོག་ནས་ཡིབ་གྲོས་སུ་གྱུར་ཀྱང་།།
ཚོར་བ་སྤུ་ཉག་ཙམ་གྱིས་དངངས་སྐྲག་ཅིག་མེད་པའི།།
རྫུན་གྱི་རྫོབ་དཔུང་མཐུག་པའི་སྐྱེ་བོ་ལ་བསམ་དུས།།
ལས་འབྲས་ལག་རྗེས་རྐང་བསྣོག་བདུད་ཧོ་ཞིག་དྲན་སྲིད།།
སྨོད་གཡམ་ཁ་ཡིས་འཐེན་པའི་དྲག་ཆར་གྱི་གསེབ་ནས།།
བརྙས་བཅོས་ལག་གིས་སྡང་སའི་དམར་སེར་གྱི་དཔུང་ལ།།
ཕལ་ཆེར་སྡུག་མིག་ཚ་བའི་དུས་རབས་ལ་བསམ་དུས།།
ཁ་སོ་ཐེངས་དགུ་སྡོམ་བཞིན་མགོ་བོ་ཞིག་བཀྱག་རན།།
ཟེར་སྒྲོས་རླུང་ཤེད་ཆེ་བའི་དུས་རབས་ཀྱི་སྨག་ནས།།
འུར་འདྲོགས་ཁྲག་རླུང་རྒོད་པའི་ནམ་ཟླ་ལ་བསམ་དུས།།
ལྔ་བདོའི་རུ་དཔུང་མཐུག་པའི་འགྲན་རྩོད་ཀྱི་འོག་ཏུ།།
བདེན་དོན་དྲང་ཐིག་ཕོག་པའི་སྐོས་རྗེ་ཞིག་དཀོན་ཚོད།།
ཕྱུག་པོས་ཕྱུག་པོ་གསོ་བའི་གོམ་ལག་དེ་རྒྱས་ནས།།
སྡོང་པོ་ནང་ཁོག་རུལ་བའི་རུལ་དྲི་ཞིག་ཚུབས་དུས།།
ཕྱི་ནང་ཁ་ལག་འཁོབ་པའི་སྤྲང་གོག་ཚོ་མ་བསམ།།
ཆེན་པོས་ཆེན་པོ་བཀྱག་པའི་དུས་རབས་འདི་སྐྱོ་འོ།།
སྤྱི་ལོ་/༢༠༡༩/༩/༡༧/དགོང་མོར་བྲིས།