སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དཔེ་རྒྱན་སོ་གསུམ།
[ 2019/12/10 9:44:00 | By: vase ]
 

དཔེ་རྒྱན་སོ་གསུམ།






བྱ་བ་རང་བཞིན་བརྗོད་དཔེ།

དཀར་འཇམ་ཤོག་བུ་པང་དུ་བཀྲམ།།

ཚོན་རིས་ནག་པོའི་སྨྱུ་གུ་འཆང་།།

ཡིག་རིས་འཁྱ་འཁྱོག་ཚོར་བས་ཕབ།།

བརྗོད་བྱ་གསལ་བྱེད་དབྱངས་ཀྱིས་ཚེམས།།

བོན་དཔེ།

མཛངས་པ་གླུ་རྒྱལ་ཤེར་བརྟན་གྱི།།

ཞལ་རས་ཟླ་བ་བཞིན་དུ་དཀར།།

གསུང་སྐད་ཁུ་བྱུག་ངག་དང་མཚུངས།།

སྐུ་ལུས་ཙ་རིའི་སྨྱུག་ལྟར་དྲང་།།

དངོས་པོའི་དཔེ།

ཚངས་སྲས་བུ་མོའི་མགྲིན་ངག་ནི།།

དཔྱིད་ཀྱི་དཔལ་མོའི་དབྱངས་ལ་འཁུ།།

སྙན་འཇེབས་ཡིད་འོང་ལན་གསུམ་བསྒྲགས།།

གང་ཐོས་སྤྲོ་དགའི་དཔལ་ལ་ཁྲིད།།

ཟློག་དཔེ།

གངས་ཆུ་དྭངས་མའི་རླབས་སྒྲ་བཞིན།།

གངས་ལྷ་མེ་ཏོག་ཀུན་ལ་མཛེས།།

གོམ་བསྐྱོད་ས་མཐའི་གཞུང་ནས་མཛེས།།

ཀུན་མཐོང་མགོ་བོ་ལན་གསུམ་ལྡེམས།།

ཕན་ཚུན་དཔེ།

སྐྱབས་ཀྱི་ཡོངས་འཛིན་ཆེན་མོའི་གསུང་།།

མང་ཐོས་བགྲེས་པོའི་ངག་གིས་མཚོན།།

མཁས་གྲུབ་རྒད་པོའི་ཞལ་གདམས་དེ།།

ཀུན་འགྲུབ་རྒྱལ་སྲས་གསུང་ལྟར་གྲགས།།

ངེས་པའི་དཔེ།

གཡུང་དྲུང་གཙུག་གཤེན་རྒྱལ་བའི་བསླབ་གཙང་དེ།།

སྨྲ་སེང་བླ་མའི་བསླབ་པ་ཁོ་ནར་མཐུན།།

དེ་མཚུངས་སྲུང་ཁྲིམས་གཙང་མ་འཆང་ཅན་ཞིག།

དྲང་སྲོང་ཕོ་གླིང་མོ་གླིང་གང་ལའང་དཀོན།།

ངེས་མེད་དཔེ།

གསུང་རབ་སྒོ་བཞི་མཛོད་ལྔའི་པོད།།

ཏི་སེ་དཔང་ལས་གནའ་རྙིང་ཆེ།།

དེ་མཚུངས་གནའ་རབས་རིག་གནས་རྣམས།།

དེ་བཞིན་རྙིང་དཔེ་འགྲོ་བར་ངེས།།

བསྡུས་པའི་དཔེ།

འདུལ་བཙུན་ངུར་སྨྲིག་དམར་སེར་བརྒྱན།།

གཅིག་པུས་རྨ་བྱར་མཚུངས་མིན་ཏེ།།

རྨ་བྱས་དུག་ཅན་རྩི་བསྒྱུར་བཞིན།།

ཉོན་མོང་སྡིག་སྒྲིབ་དག་བསྒྱུར་ནུས།།

ཕུལ་བྱུང་གི་དཔེ།

མཐོང་ཡུལ་སོ་འཕགས་རྟེན་ཅན་གཉིས།།

འཕགས་པ་ཐབས་ཤེས་ཐུགས་རྗེ་མངའ།།

སོ་སྐྱེ་ལས་ཉོན་རྣམ་སྨིན་འཐུག།

དེ་མིན་གྲོལ་འཁྲུལ་དཔྱད་ཞིབ་དཀའ།།

རབ་བཏགས་དཔེ།

བཅའ་འདོན་གྱེར་དབྱངས་མཁས་པ་ཞེས།།

དམར་སེར་མགོ་ཟླུམ་སྙེམས་མ་ཆེ།།

གྲོང་ཆོག་ཕ་རྒན་ཕལ་ཆེར་ཏེ།།

བཅའ་འདོན་གྱེར་དབྱངས་བྱང་ཆུབ་འདུག།

རྨད་བྱུང་དཔེ།

གཟུགས་བཟང་མཉེན་ལྕུགས་ལྟ་ན་སྡུག་པས་མི་སེམས་དབང་མེད་འཕྲོག་ནུས་ཅན།།

དྲི་བསུང་ངད་རླུང་དལ་བུར་འཐེན་པའི་འདབ་ལྡན་སེར་ཆེན་མེ་ཏོག་ལ།།

དྭངས་གསལ་རོལ་ཆ་རྣ་བའི་དགའ་སྟོན་གྲེ་འགྱུར་སྙན་མོའི་ངག་ཡོད་ན།།

གངས་ལྷ་མེ་ཏོག་ཚེ་དབང་ལྷ་མོའི་མགྲིན་པའི་དབྱངས་ཀྱི་ཟླ་རུ་ངེས།།

རྨོངས་དཔེ།

ཚོར་མེད་ལུས་ཀྱི་གྲིབ་གཟུགས་ལ།།

མཛེས་པར་རློམ་སྟེ་ལག་གིས་འཇུས།།

སྐྱེ་གཟུགས་མཚར་འབྲས་ལང་ཚོ་དངོས།།

བེམ་པོར་སྙམ་ནས་ཡིད་མ་འཁྲེངས།།

ཐེ་ཚོམ་དཔེ།

འཇམ་མཉེན་འོ་མཚོའི་འཛུམས་མདངས་ཅན།།

དཀར་གསལ་ཟླ་བའི་ཞལ་དཀྱིལ་དང་།།

ཞི་བ་ཡོངས་རྫོགས་ལྷ་ཞལ་གཉིས།།

གང་ཡིན་སོམ་ཉི་ལྡོག་མ་ནུས།།

གཏན་འབེབས་དཔེ།

མཛེས་ལྡན་རྒྱ་ལྕང་སྔོན་པོ་འདི།།

འདབ་མ་ལྡན་ཡང་གུར་གུམ་མིན།།

རྐང་པས་རླན་བཅུད་བསྡུ་མཁས་པའི།།

ཡན་ལག་ཧྲག་པའི་ལྗོན་ཤིང་ངེས།།

སྦྱར་བའི་དཔེ།

མཛོ་མོ་དཀར་མོའི་མཛེས་རིས་ལ།།

བལྟ་རུ་ཡོད་ཀྱང་བཞོ་རུ་མེད།།

མེ་ལོང་ནང་གི་མོག་མོག་དེ།།

བཟའ་རུ་མེད་པའི་འོད་དང་མཚུངས་།།

མཉམ་ཉིད་དཔེ།

རིན་ཆེན་སྣ་ལྔའི་ཉམས་རྒྱས་པའི།།

གངས་ཅན་གྲུ་འཛིན་གནའ་རིག་གཞུང་།།

རིན་བྲལ་རིན་ཆེན་སྣ་ལྔ་ཡིས།།

ཀུན་ནས་དགེ་མཚན་ཕྱུག་པ་འོ།།

སྨད་པའི་དཔེ།

ཉེར་གཅིག་མི་བུ་ཉོན་མོངས་རྒྱས།།

སྟབས་བདེའི་ཟས་རིགས་དུག་རྫས་ཆེ།།

ཁྱོད་ཉིད་མཁྱེན་དཔྱོད་གུ་ཡངས་རྒྱས།།

ཕྱོགས་མཚུངས་ཉིད་ཀྱང་སྐྱེས་བུ་རབ།།

བསྟོད་པའི་དཔེ།

ཟད་མེད་སོས་ཆར་སྟེར་བའི་དབྱར་གྱི་རྒྱལ།།

ཀུན་ལ་བདེ་དགའ་སྟེར་བའི་ཡིད་འོང་སྤང་།།

ཁ་འབབ་ཆུ་བཞིའི་གྲུ་ཆར་མཁས་པའི་ངག།

ཀུན་ལ་ཤེས་རབ་སྟེར་བས་དགའ་བདེར་འགྲན།།

སོས་ཆེན་ཟླ་བའི་མེ་ཏོག་འཛུམ་ཁ་གྲོལ།།

ལུས་ཅན་རྐང་དྲུག་བུང་བ་དབང་མེད་བཀུག།

ཟབ་ཡངས་བཅུ་རིག་མེ་ཏོག་འདབ་ཁ་གྲོལ།།

ཕྱོགས་ཅུ་ལས་ལྡན་ཀུན་པོ་དགྱེས་སུ་བཅུག།

བརྗོད་འདོད་དཔེ།

ཡེ་ཤེས་འོད་ཀྱི་སྤྱན་ཟུང་ལྡན།།

མ་རྟོགས་ཤ་མིག་འཐུག་ཀྱང་རུང་།།

མཁས་དབང་ཁྱེད་ཀྱི་མཉམ་མེད་པར།།

འགྲན་ཞེས་བརྗོད་འདོད་སེམས་ཀྱིས་བསྐུལ།།

འགལ་བའི་དཔེ།

ལྷ་འབྲི་དཀར་མོའི་འོ་མ་དང་།།

བཏུང་བྱ་གླང་དམར་སེར་པོ་སོགས།།

ཁ་མངར་ལྡན་པ་མཚུངས་མོད་ཀྱང་།།

དོད་སྣོད་གཅིག་ལ་མཐུན་པ་འགལ།།

དགག་དཔེ།

མགྲིན་ངག་ཕྲ་སྦོམ་མཉེན་ལྕུགས་ལྡེམ་གསུམ་ཅན།།

སྨར་ཅན་ཡ་དུང་རྒད་པོའི་གླུ་ངག་གིས།།

ལྷ་ཡི་ཚངས་དབྱངས་དྲུག་ཅུའི་དཔེ་བྱད་ཅན།།

ཚངས་སྲས་མ་ཡི་ངག་ལ་ནམ་ཞིག་འགྲན།།

ངོ་བསྟོད་དཔེ།

སེར་མདོག་རག་ལྕགས་གསེར་གྱི་ཚབ།།

རིན་ཆེན་གསེར་ནག་དངོས་ཡིན་ཡང་།

གསེར་དང་རག་གན་གཉིས་ཀྱི་ཁྱད།།

རྒྱང་ཞགས་དབང་པོས་ཕྱེ་མ་ཐུབ།།

དེ་ཉིད་དཔེ།

གསེར་ལོ་ཟར་ཚགས་བརྒྱན་པའི་འཕྱང་འཕྲུལ་ཅན།།

བླ་མའི་བླ་བྲང་ཡིན་ལ་རྒྱལ་མཚན་མིན།།

ནང་གཤམ་ནང་སྟོང་མ་ཡིན་ནོར་བུས་ཁེངས།།

ཟར་བུ་དར་ཁུག་མ་ཡིན་བླ་བྲེས་མཛེས།།

ཐུན་མིན་དཔེ།

མཚར་སྡུག་དཀར་རྒྱན་སྤུད་པའི་གྲུ་འཛིན་ལས།།

གཡུང་དྲུང་ཐེམ་པ་དགུ་ཡི་ཕྲག་གོང་ནས།།

དཀར་ཤམ་གངས་ལྭ་མནབས་མཁན་ཁྱེད་ཉིད་ལས།།

སྲིད་མཚུངས་གཞན་མེད་ཉིད་སྐུ་ཉིད་ཟླ་འོས།།

འབྱུང་མིན་དཔེ།

དགོས་འདོད་ཡིན་བཞིན་ནོར་བུ་སྟེ།།

རྒྱ་མཚོའི་རུམ་གྱི་པང་ལས་བྱུང་།།

སྐྱེས་མཆོག་ཐོད་དཀར་སྲས་པོ་ཡང་།།

རྒྱལ་བཞད་མ་ཡི་མཆན་ལས་འཁྲུངས།།

སྲིད་མིན་གྱི་དཔེ།

དོན་མཛད་གཡུང་དྲུང་སེམས་དཔའ་ཡིས།།

དུག་ལྔའི་ལོག་སྤྱོད་མི་མཛད་བཞིན།།

འབྲུ་ལྔའི་ཞིང་ས་གཤིན་པོ་ཡིས།།

འབྲས་སྨྱུག་སད་རུལ་གཏོང་མི་སྲིད།།

མང་བའི་དཔེ།

ལྷ་མོའི་བཞིན་དང་ཟླ་གསར་ཞལ།།

པད་མའི་མདངས་དང་ཞི་བའི་ཉམས།།

མཛེས་རྒུ་མཆོད་འབུལ་ལྷ་མོ་ཡི།།

ལང་ཚོའི་གཟུགས་བྱད་མིག་གི་དཔལ།།

རྣམ་འགྱུར་དཔེ།

ཡིད་འོང་དཀར་གསལ་ལང་ཚོ་ཅན།།

འབྲས་ལྡན་སྟོན་ཟླ་དཀར་པོ་དེ།།

ཞི་ལྷའི་དཀྱིལ་འཁོར་འཛུམས་པ་བཞིན།།

མཚན་དཔེ་ཕུན་ཚོགས་ཀུན་ཡིད་དགྱེས།།

ཕྲེང་བའི་དཔེ།

བྱིས་པ་ལས་འཕེལ་གཞོན་ནུ་ལས།།

དར་མ་འགྱུར་ནས་རྒས་པ་བཞིན།།

དཔྱིད་སོན་དབྱར་འཕེལ་སྟོན་འབྲས་སྨིན།།

བརྔ་བསྡུ་ལས་གྲུབ་འབྲུ་མཛོད་བླུགས།།

ངག་དོན་གྱི་དཔེ།

བཞིན་སྒྲ་གཅིག་ཅན།

གཞོན་དང་རྒས་པའི་རྣམ་འགྱུར་ལས།།

ལོ་ཚོད་ཚད་ཐིག་དཔོག་པ་བཞིན།།

དབྱར་དང་དགུན་གྱི་འགྱུར་ལྡོག་དེས།།

ཚ་གྲང་སེམས་ལ་ངེས་པར་འབྱིན།།

བཞིན་སྒྲ་དུ་མ་ཅན།

ཡིད་འོང་དབྱངས་ཅན་བཞིན་དུ་གྲགས།།

སྐུ་གཟུགས་སྙུག་མ་བཞིན་དུ་དྲང་།།

ཞལ་རས་པད་མ་བཞིན་དུ་མཛེས།།

སྐད་ངག་ཁུ་བྱུག་བཞིན་དུ་སྙན།།

ཟླ་དངོས་དཔེ།

འཛམ་གླིང་མཁས་པའི་མཚན་མང་ཡང་།།

ཡོངས་འཛིན་ཆེན་མོར་མཉམ་ནུས་སུ།།

འོད་ཀྱི་དཀར་མེ་གྲངས་མང་ཡང་།།

ནམ་མཁའི་ཐིག་ལེར་འགྲན་ནུས་མེད།

མཚུངས་སྦྱོར་དཔེ།

སེང་ཆེན་གངས་དཀར་རྩེ་ནས་འགྱིངས།།

ཁུ་བྱུག་རྒྱ་རྫོངས་ནགས་ནས་གྲགས།།

གང་གི་རྔམ་བརྗིད་དུས་བཞིར་འབར།།

མགྲིན་སྔོན་དཔྱིད་དཔལ་དུས་ཀྱི་རྒྱན།།

རྒྱུ་ཡི་དཔེ།

ཤེས་རབ་དགོངས་སྤྱོད་ཆུ་གཏེར་རྒྱ་མཚོའི་འཇིངས།།

དཔོག་ཏུ་དཀའ་བས་ཤེས་བྱའི་དཀྱིལ་འཁོར་འགྲན།།

སོ་ཁ་རྣོ་བས་ལོག་རྟོག་ཚལ་པར་བསྲེགས།།

མཁྱེན་དཔྱོད་ཟབ་པས་ཤེས་རབ་ལྷ་ལ་འགྲན།།

དཔེ་ཡི་དཔེ།

མཁའ་ཡི་སྨིན་དྲུག་མེ་ཏོག་བཞིན།།

སྔོ་བསངས་སྤང་ལ་ཚོམས་མེར་བཀྲ།

གེ་སར་སྤང་ལ་སློབ་ཁྱུ་བཞིན།།

མཛེས་པའི་ལྟད་མོ་ཀུན་ལས་འཛུམས།།


སྤྱི་ལོ་/༢༠༡༩/༡༢/གྲྭ་པ་གྲྭ་རྐྱང་ནས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.