ཞང་ཞུང་རིག་གནས་ལ་ཁ་བའི་རི་མོ་འཁྱུད་པ།
གྲུ་འཛིན་གཤོག་སྒྲ་རླབས་ཀྱིས་རླན་ཏེ་གནམ་རྒན་བཤུམས་པའི་ཐིགས་པ་ལས།།
དབྱངས་ཀྱི་དར་ལ་རྣམ་ཤེས་འབྱར་བའི་ཏི་སེའི་གངས་ལ་འོད་ཀྱིས་བརྟད།།
མཚོ་རླངས་བྱང་གི་ངང་ཁྱུ་གཤར་ནས་རྫ་ལུ་སྨུག་ཆུང་དཀར་རྩི་ཐོགས།
ཁ་འབབ་ཆུ་བོས་སུག་བཞི་བརྐྱངས་ཏེ་རིགས་ཀྱི་ཁ་བ་ཕྱོགས་ཅུར་གཏོར།།
གངས་ཀྱི་འོ་མཚོ་སོ་ཡིས་རྔུམ་སྟེ་སེམས་ཀྱི་སྤང་ལ་བག་ཆགས་བཞག།
རིགས་ཀྱི་ཚེ་སྲོག་དབྱངས་ཀྱིས་བསླས་ཏེ་མང་ཐོས་དགྱེས་པའི་མཚེར་ས་ནས།།
མཁས་གྲུབ་ཁྱུང་ཆེན་གནམ་འཕངས་བསྐྱོད་པའི་རིག་ཚན་སྤྱི་རྒྱ་རླབས་ཆོད་འོག།
བསྲེས་ལྷད་མ་ཞུགས་མགོ་ལག་ཚང་བའི་ཞང་ཞུང་ཡུལ་གྱི་རིག་གཞུང་རྒྱས།།
སྤྲིན་པ་ཞུ་ནས་ཁུ་བ་བཙག་སྟེ་སྒང་གཤོང་ཉིན་སྲིབ་དཀར་འབྱམས་བདལ།།
དབུགས་ཀྱི་ཡིག་འབྲུ་རླུང་གིས་སྤུར་དུས་སྨག་ཆར་ལྷགས་ཀས་ཆབ་རིལ་ཐོགས།།
འབྲུ་དྲུག་སྡུད་པའི་གངས་ཆར་རླན་བཅུད་ས་འོག་རིམ་པ་དགུ་རུ་ཟགས།།
འབྲུ་ཞིང་མདངས་ཁའི་ལྗང་ལོ་གྲུག་ཀྱང་དྲོད་གཤེར་བསྐྱར་འཛོམས་ལྗང་རྩེ་ཐོན།།
ཞོ་གསར་འདྲ་བའི་རི་བོ་གངས་བཟང་སེང་དཀར་འཚོ་བའི་གནས་གཞིས་སུ།།
བྱ་རུ་བཅོ་བརྒྱད་རུ་ཐུར་ཉི་ལེར་གངས་དཀར་སྟོད་ནས་དྲན་བཞིན་ཡོད།།
རིགས་ཀྱི་འོད་ལ་ཁ་བའི་ཞེན་ཆགས་ཟླ་བ་དཀར་པོའི་ཞལ་རས་ཤིག།
བདུད་རྩིའི་རིག་གཞུང་ཡན་ལག་བཞི་ཡི་རླབས་ལ་བསྲེས་པ་གྲངས་སུ་མེད།།
གནམ་ལས་མཐོ་པའི་གསེར་གྱི་སྤོབ་པ་ཧི་མ་ལ་ཡི་དཀར་རྒྱན་ཞིག།
ས་ལ་བརྗིད་ནས་བརྟན་ཕུར་བརྟོད་པ་རྒྱལ་རབས་སྟོང་གི་རྡོ་རིང་ཞིག།
ཚད་མཐོའི་རིག་གཞུང་ཚད་དུ་བརྒལ་བ་ཞང་ཞུང་ཚང་གི་པོད་རྙིང་འཐུག།
ལུགས་གཉིས་འཕོ་འགྱུར་སྐྱིད་སྡུག་མང་ཉུང་ཡང་ལྕི་གཤར་སའི་བྲེ་སྲང་ཞིག།
གསེར་ལ་རག་ལྷད་གཡའ་རྩི་བགོ་བའི་སྲིད་ཀྱི་ཆོ་ལོ་མ་འཁྲབ་ལ།།
གནའ་དྲེགས་པོད་ཀྱི་མདངས་ཁ་སྣུམ་པོའི་རིགས་ཀྱི་མདུད་པ་མ་ཞིག་པས།།
བྲམ་ཟེའི་ཆོས་ལ་ནང་འཇམ་སྤྲས་པའི་ཟློས་གར་མཁན་པོ་མ་སླེབས་གོང་།།
མདོ་དབུས་ཁམས་ཀྱི་སྒང་གཤོང་འགྲིམས་ཏེ་གངས་ཅན་གཞུང་དུ་ཤག་སྒྲ་གྲགས།།
མཁས་བརྒྱ་འགྲན་སའི་གར་སྟེགས་སྒུལ་དུས་རིག་གཞུང་བརྒྱ་ལས་གནའ་ཉམས་ཆེ།།
ལྟ་གྲུབ་གཞུང་བརྒྱའི་ཆུ་ཆེན་འབྲུག་དུས་གྲུབ་མཐའི་ཆུ་འགོ་གོང་མ་ཆགས།།
པོད་ཀ་སྔོན་པོའི་ཞང་ཞུང་རིག་གནས་གངས་ལས་སྐྱེས་པའི་གངས་ཆུ་ཡིན།།
སྣུམ་ཞག་འཁྱིལ་བའི་རིག་གཞུང་ནོར་བུ་གཅེས་བསྐྱངས་བྱ་ལ་མ་གཡེང་མཛོད།།
སྤྱི་ལོ/༢༠༡༩/༡༠/༡༩/ཉིན་གྱི་དྲོ་གཞུང་/ཁྱུང་བསོད་བློ་/འབོད་པས།