ངེས་རུང་དང་ངེས་པའི་སྐོར་ནས་ཟུར་ཙམ་བརྗོད་པ།
༧ ཇི་བཞིན་པའི་ཤེས་བྱ་ངོ་བོ་ཉིད་ཀྱི་ཡིན་ལུགས་གཏན་ལ་འབབ་པར་བྱེད་པའི་ཡང་དག་གི་རྟགས་སྐྱེ་བར་བྱེད་པའི་ཚུལ་གསུམ་སོ་སོ་བའི་མཚན་ཉིད་ཟུར་དུ། རྗེ་དང་འགྲོ་མགོན་རྣམ་གཉིས་ཞལ་གཅིག་མཐུན་དུ་མཚན་ཉིད་ཀྱི་ཚིག་ཟུར་ལ་”ངེས་རུང”་ངམ་”ངེས་པ་”ཞེས་པའི་ཚིག་གིས་བརྒྱན་ཡོད་པ་གཅིག་མཚུངས་རེད་ལ། ངེས་རུང་དང་ངེས་པ་ཞེས་པའི་ཚིག་གི་གདོང་ལ་ཧོད་ཙམ་ལྟ་དུས་གདམས་ང་འདྲ་པོ་ཞིག་ཡོད་རེད། ཡིན་ནའང་ཁོ་བོས་ཕྱོགས་དང་ཁྱབ་པ་སྒྲུབ་པའི་སྐབས་སུ་ངེས་རུང་དང་ངེས་པ་གཉིས་པོ་གང་རུང་གི་དོན་ཚང་ན་འདི་སྐབས་ཚུལ་གསུམ་ཚང་བས་ཁྱབ་པ་མེད་པར་འདོད་ཡོད། སློབ་དཔོན་བཟང་རྒྱལ་གྱིས་ཚུལ་གསུམ་སོ་སོ་བའི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་ལས་ངེས་རུང་ཞེས་པའི་ཚིག་གིས་ཟིན་མེད་པ་དང་ཚུལ་གསུམ་སོ་སོ་བའི་མཚན་ཉིད་ཚིག་ཟུར་གྱི”ངེས་པ་”ཞེས་པ་དེ་ཚོར་རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་རེ་རེ་ནས་དམིགས་བསལ་དུ་བསྟན་པ་དང་། དཔེར་ན་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བོན་མཚན་ཉིད་ཟུར་གྱི་”ངེས ་པ་”ཞེས་པའི་ཚིག་སྨོས་པ་ལ་རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་གཉིས་བསྟན་ཏེ། “ཡོངས་གཅོད་དུ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བོན་ཡིན་ན་ཕྱི་རྒོལ་གྱིས་སྒྲ་ཡི་སྟེང་དུ་ཚད་མས་ངེས་པ་ཞིག་དགོས་པ་དངོས་སུ་བསྟན་པ་དང་། རྣམ་གཅོད་དུ་སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བོན་ཡིན་པར་ཤུགས་ལས་ཁེགས་པར་འགྱུར་ཏེ། དེས་བྱས་པ་སྒྲ་ཡི་སྟེང་དུ་ཡོད་པ་ཚད་མས་མ་ངེས་པའི་ཕྱིར། དེ་སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བ་ཡིན་པའི་ཕྱིར་”ཞེས་སོགས་གསུངས་ཏེ། ཕྱོགས་སྟོན་པའི་སྐབས་སུ་སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བ་དང་། ཁྱབ་པ་སྟོན་པའི་སྐབས་སུ་བྱས་པ་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བ་ཡིན་པའི་ཕྱིར་ཞེས་རྟགས་ཀྱིས་རིམ་བཞིན་གནོད་བྱེད་གཏོང་ཡོད་པ་རེད། རྗེ་རིན་པོ་ཆེས་ཇི་ལྟར་བཀོད་བཞིན་ངེས་རུང་ངམ།། དངོས་སུ་ངེས་པ་ཕྱོགས་ཀྱི་བོན།། ཞེས་གསུངས་པའི་”ངེས་རུང་”ཞེས་པ་དེ་ལ་བཟང་རྒྱལ་གྱིས་སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བ་ལྟ་བུར་དགོངས་པར་སེམས་སོ་ཞེས་གསུངས་ནས། སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་བྱས་པ་སྒྲ་ཡི་སྟེང་དུ་ངེས་རུང་ཡིན་པ་བསྟན་ཡོད་པ་བཞིན། ཁོ་བོས་ནི་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་བོན་དུ་བསྒྲུབ་པ་ལ་ངེས་རུང་དང་ངེས་པ་གཉིས་ཡོད་པ་ལས། བྱས་པ་རྟགས་དེ་སྒྲུབ་ཀྱི་སྒྲ་མི་རྟགས་པར་སྒྲུབ་པའི་ཕྱོགས་བོན་གྲུབ་སྡད་པ་ལ་དངོས་སུ་ངེས་པ་ལས་ངེས་རུང་མེད་དོ་སྙམ། ཕྱོགས་བོན་དུ་བསྒྲུབ་པ་ལ་ངེས་རུང་དང་ངེས་པ་གཉིས་ཡོད་དེ། དང་པོའི་མཚན་གཞི་ནི་སྐྱེས་པའི་རྟགས་ཀྱིས་སྒྲ་བྱས་པར་སྒྲུབ་པའི་ཕྱི་རྒོལ་ངོ་ལ་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ངེས་རུང་གི་ཕྱོགས་ཙམ་ཡིན་པ་དང་། སྒྲ་བྱས་པ་ཚད་མས་ངེས་པའི་རྒོལ་བའི་ངོར་བྱས་པ་སྒྲ་མི་རྟག་པ་དངོས་སུ་གོ་བྱེད་ཀྱི་ཕྱོགས་ཡང་དག་ཡིན་པར་སྙམ་ཡོད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་ཡང་སྒྲུབ་བྱ་སྒྲུབ་ནུས་ཀྱི་རྟགས་དང་། དངོས་སུ་གོ་བྱེད་ཀྱི་རྟགས་གཉིས་ཡོད་པ་ལས། རྒོལ་བ་དེ་ཡི་ངོར་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བོན་ཚང་བའི་རྟགས་ལ་”ངེས་རུང་”དང་”དངོས་སུ་ངེས་པ་”གཉིས་མེད་དེ། འགྲོ་མགོན་བླ་མས་ཀྱང་སྒྲུབ་བྱ་བསྒྲུབ་ནུས་ཀྱི་རྟགས་ནི་ངེས་རུང་ལ་བརྟེན་ནས་སྐྱེ་ལ། དངོས་སུ་གོ་བྱེད་ནི་ཚད་མས་ངེས་པ་ཞིག་དགོས་གསུངས་སོ།། སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་སྒྲ་བོན་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་རྟགས་བཀོད་པའི་དུས་སུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བོན་མ་ཡིན་ཏེ། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་བོན་ཅན་སྐྱོན་མེད་མེད་པའི་ཕྱིར། མེད་དེ་སྐབས་བབས་ཀྱི་རྒོལ་བ་དེ་སྒྲ་བྱས་པ་ཡིན་པར་ཚད་མས་མ་ངེས་པའི་རྒོལ་བ་ཡིན་པའི་ཕྱིར་ཏེ། འགྲོ་མགོན་ཚད་མ་ཀུན་བཏུས། སྟེང་དགོན་དཔར་མ་ཤོག་གྲངས་136 ནང་དུ། ཕྱོགས་རྐྱང་པ་ལ་གཏན་ཚིགས་སུ་འགྱུར་བ་ལས་ཚུལ་གསུམ་འཚོགས་པ་ལ་འདོད་པ་ཉམ་པ་དང་། མཚན་མོ་ནག་ལ་མེ་མཐོང་བ་ན་དུ་བ་རྟགས་སུ་འགྱུར་ཏེ། ཚུལ་གསུམ་མ་ངེས་པའི་ཕྱིར་རོ་ཞེ་ན། ལན་ལ་ཕྱོགས་རྐྱང་པ་རྟགས་ཡིན་པར་མ་གྲུབ་སྟེ། ཚུལ་གསུམ་མ་ངེས་པར་རྟགས་སུ་མི་འདོད་ཀྱིས་ངེས་རུང་འདོད་པའི་ཕྱིར་རོ།། ཞེས་གསུངས་པས་དེས། སྐབས་བབས་ཀྱི་རྒོལ་བས་ཚུལ་གསུམ་མ་ངེས་པར་རྟགས་སུ་འདོད་མི་རུང་བ་དང་། “དེ་ཡང་རྟགས་ཙམ་དུ་འདོད་པའོ་ཞེས་པ་དེས་ཀྱང་། ངེས་རུང་གི་རྟགས་ཙམ་དུ་འདོད་པ་ལས། ཡང་དག་གི་རྟགས་ཡིན་པ་འགྲོ་མགོན་དང་རྗེ་གཉིས་ཀས་མི་འདོད་དོ། རྒྱུ་མཚན་གང་ཡོད་ཟེར་ན་ཁོང་རྣམ་གཉིས་ཀྱིས་རྟགས་ཀྱི་མཚན་ཉིད་བསྟན་སྐབས། འགྲོ་མགོན་བླ་མས་ཀྱང་། ཚུལ་གསུམ་རྟགས་ལས་སྒྲུབ་བྱ་རྟོགས་པ་རྟགས་ཙམ་གྱི་མཚན་ཉིད་ཅེས་གསུངས་ཡོད་ཀྱང་། དེ་སྐབས་ཀྱི་ཙམ་སྒྲ་དེ་གང་དུ་ངེས་རུང་དུ་འདོད་པ་ལ་རྟགས་ཙམ་ཞེས་པའི་ཙམ་སྒྲ་དང་ཁྱོན་ནས་མི་འདྲ་བར་སྙམ་ཡོད། དེ་སྐབས་ཙམ་སྒྲ་དེ་ནི་ཚུལ་གསུམ་རྟགས་ལས་སྒྲུབ་བྱ་རྟོགས་པ་རྟགས་ཀྱི་མཚན་ཉིད་བསྟན་པའི་མཚོན་བྱ་རྟགས་དེ་འབྲས་རང་མ་དམིགས་པའི་རྟགས་གསུམ་གྱི་དབྱེ་གཞི་ཡིན་པས། དེ་གསུམ་གང་རུང་གིས་ཁྱབ་པར་མ་ཕྱེས་པའི་ཡང་དག་གི་རྟགས་ཙམ་ལ་གོ་ཆོག་པར་སྣང་། རྗེ་རིན་པོ་ཆེས་ཀྱང་སྒྲུབ་བྱ་སྒྲུབ་པར་བྱེད་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས་དེ་རྟགས་ཀྱི་མཚན་ཉིད་བསྟན་ཡོད་པས། མདོར་ན་གང་གི་མཚན་ཉིད་གཉིས་པོས་རྟགས་དང་ཡང་དག་རྟགས་གཉིས་དོན་གཅིག་ཏུ་འདོད་དགོས་པར་མངོན་སུམ་དུ་གྲུབ་བོ།། ཀུན་བཏུས་ཚད་མ་ལས། མཚན་མོའི་ནག་ལ་མེ་མཐོང་བ་ན། དུ་བ་རྟགས་སུ་མི་འགྱུར་ཏེ། ངེས་རུང་མེད་པའི་ཕྱིར་རོ།། མེ་རྟགས་སུ་འགྱུར་ཏེ། ངེས་རུང་ཡོད་པའི་ཕྱིར་རོ།། ཞེས་སོགས་གསུངས་པའི་མེ་རྟགས་སུ་འགྱུར་གསུངས་པ་དེ་ཡང་སྒྲུབ་བྱ་སྒྲུབ་ནུས་ཀྱི་རྟགས་ཙམ་ལས་ཡང་དག་རྟགས་ལ་གོ་རྒྱུ་མེད་པར་འདོད་ཡོད། དེ་སྒྲུབ་བྱེད་ལ་ཡང་། ངེས་རུང་ཡོད་པའི་ཕྱིར་ཞེས་གསུངས་པས་ངེས་རུང་གི་རྟགས་ལ་སྒྲུབ་ནུས་ཀྱི་རྟགས་ལས་ཡང་དག་གི་རྟགས་མེད་དོ།། ཡང་ཚད་མ་ཀུན་བཏུས་ལས། རྟགས་ཙམ་ནི་སྒྲུབ་ནུས་ཡིན་ཏེ། ཁྱབ་བྱ་ལ་དངོས་སུ་གོ་བར་བྱེད་པ་ནི་བསྒྲུབ་བྱ་སྒྲུབ་ནུས་ཀྱིས་ཁྱབ་པའོ།། ཞེས་གསུངས་པ་སོགས་ལ་གཞི་བཅོལ་དུས་སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱ་སྒྲུབ་ནུས་ཀྱི་རྟགས་སམ་ངེས་རུང་གི་རྟགས་ཡིན་པར་གྲུབ་བོ།། ཡང་དག་གི་རྟགས་མ་ཡིན་པར་སྣང་ངོ་།། རྒྱུ་མཚན་འགྲོ་མགོན་ཚད་མ་ཀུན་བཏུས། སྟེང་དགོན་དཔར་མ་ཤོག་ངོས་ ༡༧༠ ནང་ཡང་དག་རྟགས་ལ་ཚུལ་གསུམ་ངེས་པ་ཉིད་དུ་རྟོགས་པ་དེ་རྒོལ་བ་རང་ཉིད་ཀྱིས་རྟོགས་པའོ་ཞེས་གསུངས་པས། ཡང་དག་རྟགས་ལ་ཚུལ་གསུམ་ངེས་པ་ཉིད་ཡིན་དགོས་པ་ལུང་གིས་གྲུབ་པའོ།།
དེ་རིང་གཟའ་ཉི་མའི་ངལ་གསོ་དང་བསྟུན་པའི་བསམ་ཚུལ་ཐོར་བུའོ།།
༢༠༡༩/༣/༡༧/ ཉིན་རང་ཤག་ཁེར་རྐྱང་དགའ་ཁྱིམ་ནས་/ བསོད་ནམས་བློ་གྲོས་/ ནས་བྲིས་སོ།།