མདང་དགོང་གི་ནམ་ཕྱེད་སྙན་ངག
༧ ཟླ་བས་རྔ་ཟོར་བརྐྱངས་པའི་སྤྲིན་དཀར་འོག།
སྐར་ཁྱུ་འཁྱགས་འདར་ཤོར་བའི་མུན་མཐའ་ནས།།
སྲིན་བྱས་འོག་ལྟས་བྱས་པའི་ཅོང་བརྡ་གྲགས།།
ཐོས་འཛིན་སྦུག་ལ་བྲག་ཆ་ཉེ་བར་བཅར།།
ཁྱི་འཁྱམས་གྱང་གི་ལོགས་ནས་ཟུག་སྐད་འཐེན།།
ལེ་ལོའི་སྐྱིད་ཉལ་དཀྲོག་ལ་ལན་མང་བཙིར།།
ཀུན་གཞིའི་པང་ནས་བག་ཆགས་ཧར་སད་རྒྱག།
འཁྲུལ་སྣང་རྨི་ལམ་སྟོང་པས་རྒྱལ་ཁམས་སྐོར།།
ལུང་པའི་གྲམ་ཐང་སྒང་ནས་ཆུ་ཆུང་བཞུར།།
ཚང་ཚིང་ཡིད་ཀྱི་གན་དུ་རྣམ་རྟོག་བརྩེགས།།
ས་སྲོད་དར་ཀྱི་སྐུད་པས་ལན་བུ་བསླས།།
དཀར་མེའི་འོད་ཀྱི་སྣང་བ་རུམ་དུ་བཅུག།
དགུང་གི་སྐེད་ནས་དགུ་ཚིགས་སོ་པས་བཅིང་།།
ལག་འཁྱུད་ལྡུམ་རའི་ཀུན་ད་ཟླ་བས་འཛུམས།།
གཉིས་མཐུན་བརྩེ་བའི་གྲོས་འཆར་སྐར་མས་མོལ།།
རིགས་མཐུན་འཇིག་རྟེན་ཕལ་ཆེར་ཆ་རུ་བསྙལ།།
འདུ་འཛིའི་འུར་ཆ་བསྡེབས་པའི་སྐྱེ་འགྲོ་ཅག།
ཁུ་སིམ་ཚོར་བ་བལྟམས་པའི་སྨག་གུང་ལ།།
སྲིད་ཞི་བདེ་བར་འཚོ་བའི་ལྷིང་འཇག་ལས།།
སྣང་སྲིད་འཁྲུགས་པའི་གཡུལ་ཁ་འབྱུང་རྐྱེན་ཉུང་།།
ཉམས་ཀྱི་རྣལ་འབྱོར་འོད་གསལ་འཁྲིས་སུ་ཉལ།།
དཔྱོད་ལྡན་ཀླད་པ་པོད་ཁའི་གསེབ་ཏུ་མཆོངས།།
བྱོལ་གྱི་བླུན་རྒན་གཏི་མུག་གཉིད་ཀྱིས་འཐོབ།།
དགུ་ཚིགས་དགུང་ནས་བརྐྱངས་པ་མཐོང་མཁན་ཉུང་།།
ཀ་ཁའི་ཆ་བྱད་བཀྲ་བའི་མེ་ལོང་ནང་།།
དབྱངས་ཀྱི་སྨྱུག་སོ་དལ་བའི་རྒྱུ་སྐར་གསེབ།།
ཉམས་ཀྱིས་མི་སེམས་གསོ་བའི་འོ་མ་བཙལ།།
བདག་ལ་ནམ་ཕྱེད་སྙན་ངག་བྲི་འདོད་བྱུང་།།
གདོས་སྒྲིབ་སྲིན་བལ་སྤུངས་པའི་མུན་ནག་ནང་།།
རུ་མའི་བག་ཆགས་སད་ནས་གཤོག་པ་དོད།།
རྨི་ལམ་བྱ་ཁྱུ་གཤར་བའི་མཚན་གུང་ཚེས།།
ཁམས་གསུམ་རྡོག་ཁ་བགོམ་དུ་ལས་ཀྱིས་དེད།།
འཆར་གཞི་བསམ་བློས་མིག་ཟུང་དགུང་ལ་བཙིར།།
ཡིད་ཆོད་གྲོས་ཀྱིས་རྒྱུ་སྐར་ཆེམ་ཆེམ་གཡོས།།
ལྷ་ཡི་ཞིང་བཀོད་ཀླད་པས་ཚངས་ཐིག་བཏབ།།
རྨི་ལམ་གསེབ་ནས་གངས་རིའི་ལྷ་ཁང་བཞེངས།།
ལོ་རབས་སྨག་རྒྱ་སངས་བའི་སྟ་གོན་ལ།།
སྙིག་དོར་བཅུད་ལེན་སད་རྟོགས་རིག་པ་དང་།།
དཔྱོད་ཤེས་དཀར་པོ་བཙལ་བའི་ཐབས་ཤེས་ཟུང་།།
འགྲོ་ཁམས་བདེ་འགྲོ་བྱིངས་ལ་དགོས་ངེས་སོ།།
ཁམས་ཀྱི་ཐོག་རེག་བཀྱག་པའི་གྲིབ་གཟུཌ་དང་།།
སེམས་པ་ཚོར་བས་བཟི་བའི་མཚན་གུང་ཞིག།
ལས་ཉོན་ཚེགས་ཀྱིས་བྲུས་པའི་ལག་རྗེས་ལས།།
སྐྱིད་སྡུག་མྱོངས་བ་བརྒྱ་ཡིས་ལན་ཆར་བསྡེབས།།
ཏི་སེའི་དཀར་རྒྱན་སྤུད་པའི་རི་འདབས་དང་།།
རྩི་ཏོག་ཁྲ་རྒྱན་མཛེས་པའི་མར་ཤམ་ནས།།
ཚིག་གིས་ཆབ་རྩེ་བཏག་པའི་རྐན་སྒྲ་བརྡབས།།
རི་བོ་ཕྱག་གིས་བཏེགས་པའི་མཚན་གུང་མཚར།།
སྤྲིན་དཀར་སྟབས་རྩེག་དགུ་ཡི་གྲུ་ཁུག་འོག།
ལྷ་རྩེའི་དར་རྒོད་གཡོ་བའི་ཡངས་སྟེང་དགུང་།།
འབྲུ་ཡི་སོས་ཆར་བཞུར་བའི་རླན་ཐིགས་མོད།།
གསེར་ལྗང་ཆབ་ཀྱི་ཟིལ་པ་འཐོར་ལ་ཁད།།
ཡང་མེས་ཕྱག་གིས་གཅེས་པའི་དཀར་ཤོག་ཐོག།
གནམ་སྐྱོང་རྒྱལ་བྱིན་གཤོས་པའི་རི་མོ་ཡོད།།
ཀླུ་རྒྱལ་བྱིན་རླབས་ཞུགས་པའི་ལོངས་སྤྱོད་ལ།།
འཇིག་རྟེན་འགྲོ་བ་འཚོ་བའི་བདེ་སྐྱིད་ཡོད།།
འཕྲུལ་གྱི་པང་ལེབ་དཀར་པོའི་དཀྱུས་ཚད་ཐོག།
པིར་གྱི་མྱུར་མགྱོགས་རྩེད་པའི་ལྡེམ་ཆ་དོད།།
ཚིག་གི་དར་སྐུད་འཐེན་སའི་སྣག་ཤོག་གཙང་།།
མེས་པོའི་གདངས་སྐད་ཚེམ་པའི་ཡིག་འབྲུ་བཀྲ།།
སྐད་ཀྱི་བླ་ཚེ་བསྲུང་བའི་གོ་ཁྲབ་བཙལ།།
དབྱངས་གསལ་ག་འུ་བཙན་པའི་རུ་མ་བགོས།།
ཞལ་ནས་ཆབ་ཆེན་འབྲུག་པའི་ངད་རླངས་ལ།།
ས་ཁམས་མི་རིགས་གསོ་བའི་རླན་ཐིགས་ཡོད།།
ཨུ་ཚུག་དབྱངས་ཡིག་སྐོམ་ལྟོགས་ཟས་ལ་བཟོད།།
སྡུག་རུས་ཡིད་ཆོད་མཚན་གུང་གཉིད་དེ་བཅག།
སྒྱུ་རྩལ་ཚིག་ལ་འཁྲེངས་བའི་དན་རྟགས་ཀྱིས།།
མདང་ནུབ་སྨྱུག་གི་སྒྲོན་མེས་གསལ་ཁ་བཙལ།།
གནའ་དུས་གངས་ལས་བྱུང་བའི་དན་རྟགས་ཆེ།།
བརྒྱ་ལས་གཅིག་ཆོག་གསེར་གྱི་ཚོམས་ཆེན་ནང་།།
བདེན་དོན་ཤེས་རབ་སྟོང་གི་ཕྱི་མོ་སྟེ།།
ཨ་མྱེ་ཁ་བ་རི་པའི་རོལ་དབྱངས་ཤིག།
རིགས་ཀྱི་མཚེར་སྒར་བཏབ་པའི་མཚན་མོ་ལ།།
གཉིད་ཀྱིས་ཐུན་བཞི་སྐོར་ནས་གཟུཌ་བཞི་འཚོས།།
བག་ཆགས་ཤ་ཤེད་རྒྱས་ལ་རེ་བ་བཅངས།།
ཉོབ་ཅན་སྐྱེ་རྒུ་ཕལ་གྱིས་ནམ་ཕྱེད་སྒོམ།།
ཁུག་སྣའི་ཁ་དོག་འཁྲིགས་པའི་སྨག་གུང་ལ།།
རྡོག་ཚུགས་གོག་མ་སྦུད་ཀྱི་སྟབས་ཀ་ཡིས།།
དོན་དམ་རླབས་ཀྱིས་ས་ཆེན་ཆོད་དཀའ་ཡང་།།
རྩོམ་རྩལ་བསྐྱེད་ལ་རམ་འདེགས་ཕྲ་མོའི་ཁུལ།།
བརྩོན་པ་ཚེགས་ཀྱིས་འདེབས་པའི་ལག་རྗེས་དང་།།
འབད་པ་ཡིད་ཀྱིས་གུས་པའི་འབྲས་རྟགས་སུ།།
དབུ་འཕང་དར་གྱིས་སྒྲོན་པའི་དབང་ཐང་ལ།།
དབྱངས་ཀྱི་འུར་ཆ་འཐག་རྒྱུ་བརྗེད་མི་རུང་།།
རྨི་ལམ་རྒུན་ཆང་བསྙལ་བའི་མཚན་གུང་དུ།།
སག་སིག་རྡོག་སྒྲ་མ་ཕོད་ལན་གཅིག་ཆས།།
སྨྱུག་གི་དབྱངས་ཅན་མ་ལ་ཐེངས་གཅིག་བོས།།
དབྱངས་ཀྱི་སྒྱུ་རྩལ་ཚོམ་བུ་གནང་རོགས་ཞུས།།
སྤྱི་ལོ/༢༠༡༩/༢/༡༧/དགོང་མོའི་ཆུ་ཚོད་/༡༢/སྐབས་སུ་/བསོད་ནམས་བློ་གྲོས/ནས་དབུ་བཙུགས་སོ།།