སྣང་བ་སོ་མ་ཞིག་ལ་ཚིག་གིས་མོལ་བ།
ཁྱུང་བསོད་བློ།
ཉི་འོད་གངས་ལ་འཁྱུད་པའི་དབྱར་གཞུང་དུ།།
ཚོར་བ་ཁུ་སིམ་མོད་པའི་ཆར་པ་བཞུར།།
དུང་བའི་མགོ་ལྕོག་ལྡེམ་པའི་མེ་ཏོག་བཀྲ།།
བརྩེ་བའི་འཛུམ་གྱི་དར་ཐག་ཡུ་བས་མཐུད།།
ཆུ་རིས་རླུང་གིས་དེད་པའི་གྲམ་གཞུང་དང་།།
ཁུ་རླངས་འོད་ལ་འཐབ་པའི་བྲང་ཁ་ནས།།
བང་རིམ་གཞའ་ལ་ཆགས་པའི་ཚོར་བ་དེས།།
སྣང་བ་རྗེས་དེད་བྱས་ནས་ལོ་ཟླ་བརྩེགས།།
ཐར་འཁོར་ལས་འབྲས་འདེད་པའི་སྨྲ་ལྕེ་དང།།
སྲིད་པ་བསྐྱེད་སྡུད་བྱེད་པའི་རུ་མ་སྟེ།།
སྣང་བས་བག་ཆགས་བགོ་སའི་མཛོད་ཕུག་ནས།།
འཇིག་རྟེན་ཁྲི་མ་འབུམ་གྱིས་ཁ་དོག་གྲོལ།།
རྣམ་རྟོག་སྐད་ཅིག་འཚོ་བའི་བསིལ་གྲིབ་ནང་།།
ཚེ་སྲོག་ཡུན་ནས་བཅར་བའི་བརྒྱུད་རིམ་ལ།།
ཚོར་འདུ་ཁྲི་མ་འབུམ་ཞིག་རྒྱུ་ངེས་ཀྱང་།།
སྣང་བའི་ལས་དབང་འདི་ཡིས་གར་བཞག་ཡིན།།
རྣམ་རྟོག་ཚིག་གི་ཆུ་རིས་བཤར་ས་དང་།།
ལས་ཉོན་ཚོར་བས་བག་ཆགས་བཞག་ས་ནས།།
དཀར་དམར་ཁ་དོག་འདྲེས་པའི་ཐུ་འོག་བཙལ།།
སྣང་བ་སོ་མ་སོ་རྐྱང་སྒང་ནས་བཞད།།
ཚིག་གི་མེ་ཏོག་སོག་བསླས་དགུ་སྒྲིལ་བྱས།།
དོན་གྱི་མདུད་པ་སེམས་སོང་མི་བུས་རྒྱབ།།
ལས་ཀྱི་ཚེ་ཁ་མཐུད་པའི་ནམ་ཟླ་བརྩེགས།།
སྣང་བ་སོ་མ་ཞིག་གིས་འཁོར་བར་འཁྱམས།།
ཚེ་སྲོག་ག་འུ་བཙན་པའི་གོ་ཁྲབ་ནང་།།
བཟང་པོའི་བླ་ཚེ་འཚོ་ལ་མན་ངག་བཙན།།
དང་ལེན་ཡི་ག་མེད་མཁན་དཀོན་ཐག་ཐག།
དེའི་ཕྱིར་སྣང་བའི་ཚོམས་ལ་རྡོག་སྣེ་ཐོགས།།
སྣང་བ་སྣ་ཡིས་ཁྲེལ་བའི་ཟོག་པོ་མང་།།
ཉོབ་ལུད་ཁ་ཡིས་སྤུར་བའི་རྫོབ་ཅན་འབེལ།།
འདོད་ཡོན་ལྕེ་ཡིས་སྨོད་པའི་སྒལ་ཚིག་ལ།།
སྣང་བ་བློ་ཡིས་ཐོངས་མཁན་དེ་བས་དཀོན།།
གངས་ལ་རྫ་སྤང་བརྒྱན་པའི་སྒང་གཤོང་དང་།།
ནགས་ཀྱི་ཚང་ཚིངས་འཐུག་པའི་གན་གཞུང་ནས།།
རླུང་བུ་བསིལ་བསིལ་ལྡང་བའི་ཚོར་རིས་གསེབ།།
ཡིད་མཐུན་གཏམ་གྱི་ཆར་པ་ཤག་ཤག་བཞུར།།
དུས་རབས་ཁྲ་ཁྲ་ཞིག་གི་གྲུ་ཁ་ནས།།
སྣངབ་ཁྲ་ཁྲ་ཞིག་གི་དེད་དཔོན་བྱས།།
སེམས་པ་ཁྲ་ཁྲ་ཅན་གྱི་བྱ་འགུལ་ལ།།
ཡིད་གཏད་ཁྲ་ཁྲ་ཞིག་ལས་ཆོག་དཀའ་འོ།།
སྣང་བའི་དྲལ་དཔྱམ་བཀོད་པའི་གོ་ལ་དང་།།
ལས་ཉོན་མཁར་གྱང་བརྡུངས་བའི་འཇིག་རྟེན་དེ།།
བསྐལ་པ་མ་འཇིག་བར་དུ་སྟོངས་དཀའ་ཡང་།།
ཞེ་ཆོད་ཚོར་བའི་སྦུབས་ནས་སོ་སོས་ཐོངས།།
བལ་འདབ་སྤྲིན་དཀར་གཤར་སའི་ཆར་གདུག་འོག།
གངས་ཅན་དཔག་བསམ་ལྗོན་པའི་འདབ་ལོ་ལ།།
མུ་ཏིག་ཆར་གྱི་གཡུ་ལྗང་ཟིལ་པ་བཏགས།།
སྣང་བ་རི་ཡི་སྒང་གཤོང་སོ་མ་ཆགས།།
དབང་ཅན་ཉམས་ཀྱི་གོ་ས་སྣང་བས་བརྩེགས།།
འཁོས་མེད་སྤྲང་པོའི་ཚོར་བ་སྣང་བས་མནར།།
བར་སྐེད་ཐད་ཀྱི་དྲང་ཐིག་སྣང་བས་བཏབས།།
ཡོད་ཚད་སྣང་བ་ཁྱོད་ཀྱི་རྩལ་ལས་གྲུབ།།
དཀར་དམར་རྫོབ་དཔུང་མཐུག་པའི་ཁྲོམ་ཆེན་དང་།།
སྐྱིད་སྡུག་ཚོར་འདུ་རྩེད་པའི་གར་སྟེགས་སུ།།
ཆ་རྐྱེན་ངོས་སུ་མི་མཉམ་ཆ་ལངས་དེ།།
སྣང་བའི་གྲུ་སོ་ཞིག་གིས་སྔ་ནས་དཀྲོལ།།
ཚོར་བའི་མེ་ཏོག་བཀྲ་བའི་བད་འོག་ནས།།
བདེ་སྐྱིད་སོག་བསླས་བྱས་པའི་བར་ཁྱམས་བཙལ།།
ལུས་ཅན་མགོ་དང་ཡན་ལག་ཤར་བརྐྱངས་བྱོས།།
ཡིད་འོང་སྐྱེ་ཚལ་ལྗོན་པས་ཁྱབ་གདལ་མཛོད།།
ཁ་དོག་ཡན་ལག་ཧྲག་པའི་རུ་ཤོག་ནས།།
ཕན་ཚུན་དུང་ཞེན་ཚོར་བ་ཆ་རུ་བསྡེབ།།
དཔྱད་ཞིབ་གོ་རྟོགས་ཕྲ་མོ་གྲོས་སུ་མོལ།།
གྲུབ་ཚོད་སྣང་བའི་བདེན་རྫུན་ཐག་ཆོད་དགོས།།
༢༠༡༩/༦/༢༢/དགོང་མོར་སློབ་ཚན་གྲོལ་མ་ཐག་ཏུ་བྲིས།