གསལ་བྱེད་དབྱངས་ལ་འཁྲི་བ།
བསོད་ནམས་བློ་གྲོས།
དུས་ཀྱི་མེས་པོས་གཙང་ཐིག་རྡོ་ལ་བཏབ།།
ཚོར་བའི་སྨྲེ་ངག་སྒྲ་གདངས་ཚིག་ལ་ཕབ།།
གོ་བྱེད་བརྡ་ལ་འཕྲུལ་ཡིག་སྡེ་ཚན་བགོས།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
རིགས་ཀྱི་གདོད་མའི་རྐན་ནས་བྱུང་རིམ་འཕེལ།།
རྒྱལ་རབས་སྨྱུག་རྩེའི་ལྗགས་ནས་ཐ་སྙད་གྲུབ།།
གསར་གྲུབ་དངོས་ཟོག་རེ་དང་མིང་དོན་འབྲེལ།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
གནའ་ནས་སྟོན་པ་ཆེན་པོས་བསྟན་ས་བསྐྲུན།།
གདངས་ལ་ཕྱི་ནང་གསུམ་གྱི་པོ་ཏི་བརྩེགས།།
ཚེ་སྲོག་དབྱངས་ལ་འཇུས་ནས་ཕ་མཁར་གྲུབ།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
བཟོ་རྒྱལ་གར་མའི་ཕྱག་གིས་མ་བཏབ་ལ།།
ལེགས་སྦྱར་ཐང་པོའི་ལག་གིས་མ་བཟོས་གོང་།།
གཤེན་རབ་ཐུགས་རྗེ་ཆེན་པོའི་མཐུ་བྱིན་གྱིས།།
དཔའ་བོ་འབྲུ་ལྔའི་ཆུ་འགོ་གངས་ལ་བྲུས།།
སྲོང་བཙན་སྒམ་པོ་མགོ་གཉིས་མ་དོད་ལ།།
ཐོན་མི་བྷོ་ཊས་ལད་ཟློས་མ་བྱས་གོང་།།
མེས་པོ་དུ་མ་གསལ་བྱེད་དབྱངས་ཀྱིས་འཚོས།།
གསར་གཏོད་རྫུན་གྱི་གཏམ་འཆལ་སྔ་ནས་སངས།།
རིགས་ཀྱི་ཡན་ལག་གསོ་བའི་ལག་ཆ་དང་།།
དབྱངས་ཀྱི་བླ་ཚེ་བསྲུང་བའི་གོ་ཁྲབ་བྱས།།
ཁྲིམས་ཀྱི་བཅའ་ཡིག་མཐུད་པའི་གསེར་ཐག་སྟེ།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
ཕྲ་ས་ཞིག་ནས་སྒྱུ་རྩལ་དབྱངས་ཀྱིས་མཐུད།།
བུག་ས་ཞིག་ནས་སྲོལ་རྒྱུན་ཡི་གེས་གསོས།།
བསྣོན་འཕར་ཆད་ལྷག་མང་པོའི་སྟོང་ཆ་བསྐངས།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
འགྲོ་ཁམས་སྨག་གིས་འཐོམ་པའི་མུན་པ་ནང་།།
སྒྲོན་མེ་གངས་ལ་སྤར་བའི་ལག་རྗེས་ཏེ།།
གསལ་བྱེད་དབྱངས་ཀྱིས་ཚེམ་པའི་གསེར་ཡིག་འདི།།
རྒྱལ་རབས་འཕོ་འགྱུར་གསེབ་ནས་གསོན་ལངས་བྱས།།
རིགས་ཀྱི་ཚེ་སྲོག་མཐུད་པའི་བདག་པོ་དང་།།
བྱམས་ཀྱིས་དབུགས་རྒྱུན་གསོ་བའི་སེམས་དཔའ་ཆེ།།
རླབས་ཀྱིས་གངས་ཅན་ཁྱབ་པའི་རིག་བདག་སྟེ།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
གནའ་གྲུབ་བདེན་ཁའི་སྒྲོན་མེ་ཡར་ཡར་གསལ།།
གསར་གཏོད་རྫུན་གྱི་ཚིལ་མེ་མར་མར་འགྲིབ།།
བདེན་མཐས་ས་སྒང་གསལ་བའི་དུས་འདི་ལ།།
མང་ཐོས་བརྒྱ་ཡིས་མགོ་བོ་ལན་གསུམ་ལྡེམས།།
ངག་ནས་གསལ་བྱེད་འུར་འདོན་མི་ཆོག་ལ།།
ལུས་ཀྱིས་པོད་ལ་གུས་བཀུར་མ་ཆོག་དུས།།
ཡིད་ཀྱིས་རུམ་ནས་གསལ་བྱེད་བཀླག་རྒྱུ་དེ།།
ཁམས་ཀྱི་དབུ་ནག་སྟོང་གིས་གཡུག་མ་བྲ།།
བྱིན་གྱིས་ཏི་སེ་དཀར་པོའི་མདངས་ལ་འཁྱུད།།
རླབས་ཀྱིས་གངས་ཆུ་སྔོན་མོའི་གཞུང་ལ་བསྲེས།།
ཉམས་ཀྱིས་རིག་གནས་བརྒྱ་ལ་ཤ་ཤེད་བཙུད།།
གནའ་དེང་བོད་ཀྱི་གསལ་བྱེད་སྔ་ནས་གྲགས།།
ཐར་པའི་མདུན་མ་སྒྲུབ་པའི་ཐབས་ལམ་དང་།།
འཇིག་རྟེན་འཚོ་གནས་བསྐྲུན་པའི་ཤེས་རབ་ཡོངས།།
སྐྱོན་ཡོན་ཆབ་ཀྱི་ཆུ་འགོ་དབྱངས་ལ་ཐུག།
དེའི་ཕྱིར་ཡུན་ནས་གསོན་རྒྱུ་བསོད་སྐལ་འབོད།།
༢༠༡༩/༢/༡༤/བོད་ཚེས་དགུ་ཉིན་གྱི་ཞོགས་བྲིས།