ས་སྲོད་ཚིག་གི་ལན་བུ་བསླས་པ།
༧ ཡ་སྣང་མུན་གཉིས་ལ་ཚེ་སྲོག་འཁྲི་བའི་སྤྱི་བོ་གནམ་སྟོན་ཞིག་ཡིན་ཚུན། ས་སྲོད་རུབ་མ་ཐག་ཏུ་མག་མོག་གི་ཚོར་སྣང་རེ་སུ་ལའང་བྱུང་སྲིད་པ་རེད། དེ་ནི་མདུན་ལམ་གསལ་བའི་གློག་སྡོང་གི་གྲིབ་མའི་རང་གཟུགས་རེད། གློག་སྡོང་གི་གྲིབ་གཟུགས་ལ་གཟུར་ནས་སྐྱ་ལམ་ལམ་གྱི་དཀར་ཐིག་ཕྲ་མོ་བརྒྱུད། ཆོག་ཤེས་དང་བསྡེབ་པའི་གོམ་སྟབས་དེ་མ་བསླབ་ན། སྐབས་ཤིག་ལ་ཡོད་ཚད་གྲིབ་གཟུགས་ལས་མེད་པའི་འགག་མདོ་ཞིག་ལ་རང་གཅིག་པུ་ལས་མི་ལྷག་པའི་ངེས་པ་ཅི་ཡོད། དེ་དུས་སུ་འང་ཡར་ལྟས་ན་ཨ་སྔོན་གནམ་གྱི་མཐོང་མི་གསལ། མར་ལྟས་ན་དོག་མོ་ས་ཡི་རྗེས་མ་ཆོད་པར་ལྷག་སྟེ། སོ་སོའི་རྣ་ལམ་ལ་རི་ཆུ་དང་བྲག་ཆ་སྐམ་པོ་འགའ་ལས་གཞན་མེད་པའི་གཅིག་པུ་ལུས་པའི་མཚན་ལྗོངས་ཤིག་དེ་དུས་ཚེས་ངེས། དེ་ལ་གཟུར་ཐབས་ཀྱི་ཆ་རྐྱེན་གྲབས་སུ་གཤོམ་མི་དགོས་པ་སུ་ཡང་མེད། གྲབས་སུ་གཤོམ་པ་ཡོད་ཚད་ལས་དབང་དང་རྟེན་ཞིང་འབྲེལ་འབྱུང་ལ། ཁག་དཀྲི་མ་ཆེ་བར་སོ་སོས་འབད་འབུང་ལྷུར་ལེན་གྱི་དཀའ་བ་སྟོང་གི་གསེབ་ནས་གོག་མ་སྦུད་ཀྱི་འཚོ་ཚིས་ལ་གོམ་ཁ་བསླབ་དགོས། དེ་ནས་མུ་རུ་འབད་པའི་སྟབས་ཀ་ཞིག་སུ་ལའང་གང་འཚམས་འགྲིག་ངེས་སོ།། མི་བུ་སོ་སོ་ལ་འཚམས་པའི་ཆ་རྐྱེན་གྱིས་ས་སྲོད་རུབ་པའི་བར་གསེང་ནས་དཀར་ངོག་གི་སྣང་བ་ལ་ཕྱི་ལྟས་བྱ་དགོས། རྒྱུ་མཚན་ཅིའི་ཕྱིར་ན། དཀར་ངོག་གི་སྣང་བ་ནི་བྱ་བ་སྐྱོན་ཡོན་གཉིས་ཀྱི་བག་ཆགས་གྲ་མ་ཉམས་པར་བགོ་སའི་མེ་ལོང་དེ་ཡིན་ལ། ད་དུང་མདུན་ལམ་དང་ཟུང་དུ་བསྡེབས་པའི་ཚེ་སྲོག་གི་ག་འུ་ཆ་འགྲིག་དེ་ཡང་ཡིན་འགྲོ། ཚེ་སྲོག་གི་ག་འུ་ནང་ལ་བཟང་ངན་སྐྱིད་སྡུག་སྟོང་གི་མངར་སྐྱུར་ཚ་གསུམ་གྱི་དྲན་པ་མང་པོ་སོས་རྒྱུ་ཡོད་དོ།། གསལ་ལྷང་ལྷང་གི་དྲན་པ་རྒྱུ་ཐེངས་རེ་ལ་འདས་ཟིན་པའི་མི་ཚེའི་གཏམ་རྒྱུད་དེ་རང་བཞིན་དུ་མ་གླེང་ཁག་མེད་ཆགས་ཡོད། འདས་ཟིན་པའི་མི་ཚེའི་གཏམ་རྒྱུད་གླེང་བ་དེ་ཁ་ནང་དུ་སྐོར་ནས་རང་གིས་རང་ལ་བྱ་བཞག་གི་སྡོམ་རྩིས་རྒྱག་པ་རེད། སྡོམ་རྩིས་ཀྱི་གྲངས་འབོར་ནང་དུ་མི་ཚེའི་གོམ་སྟབས་ཀྱིས་བསྐྲུན་པའི་བཅུད་ལེན་སྙིག་དོར་གྱི་འབབ་སྒོ་ག་ཚད་ཡོད་པ་གཞི་ནས་རྟོགས་ཐུབ་བོ།། ཇི་ཙམ་ང་ཚོ་ལས་དབང་ལ་རྡོག་ཁྲས་འཇལ་བའི་འཕེལ་རིམ་ཁྲོད་དུ། སྔ་བསམ་ཕྱི་འདངས་ཀྱི་དཔྱོད་མིག་རྣོན་པོ་ཞིག་བཙལ་ནས་སྐྱིད་སྡུག་ཡ་མ་ཟུང་གི་འཚོ་བ་དེ་ག་འདྲ་སྤྱོད་པ་ཡིད་ངོ་ནས་ཕྱི་དྲན་ཐེངས་གཅིག་དགོས་པར་སྙམ་མོ།།
སྤྱི་ལོ་/༢༠༡༩ /༡ /༡༦/དགོང་མོ་/ཁྱུང་བསོད་ནམས་བློ་གྲོས་/ནས་བྲིས།