སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བློ་ལྡོག་བོན་བཞིའི་སྐོར་ནས་ཟུར་ཙམ་གླེང་བ།
[ 2019/1/9 7:41:00 | By: vase ]
 

བློ་ལྡོག་བོན་བཞི་སྐོར་ནས་ཟུར་ཙམ་ཞུ་བ།


བསོད་ནམས་བློ་གྲོས།


༧     དང་པོ་ཚེ་མི་རྟག་པའི་ངོ་བོ་ག་འདྲ་ཞིག་ཡིན་པ་ངོས་ཟིན་དགོས། ང་ཚོ་འཁོར་བ་ཐོག་མ་མེད་པ་དང་སྐྱེ་བ་གྲངས་ཀྱིས་མི་ལོངས་པ་རིགས་དྲུག་འཁོར་བའི་གནས་སུ་འཁྱམས་ཟིན་པ་དང་འཁྱམས་བཞིན་པ་ལ་སུ་ཡིས་གྲངས་སུ་མི་ཆོད་པ་ཞིག་རེད། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་དང་སྐྱེ་འགག་གནས་གསུམ་གྱིས་དབང་དུ་འགྲོ་མི་དགོས་པ་སུ་ཡང་མེད་པ་རེད། དེའི་ནང་ནས་ང་ཚོའི་ཚེ་ལུས་སྲོག་གསུམ་འདི་རྟེན་དང་བརྟེན་པའི་འབྲེལ་བ་རྒྱུད་མཐུད་ནས་དེ་སྔོན་སྐྱེ་བ་གྲངས་མེད་པ་ལ་ལས་ཉོན་དབང་གིས་ཁམས་གསུམ་གནས་སུ་སྐྱེ་རྒས་ན་འཆི་དབང་གིས་འཁོར་སྡད་པ་ཞིག་རེད། ད་ལྟ་ཡང་སྐྱེ་རྒས་ན་འཆིས་དབང་དུ་འགྲོ་བཞིན་པ་ཚོར་དགོས། ང་ཚོའི་མི་ཚེ་འདི་མི་རྟག་ཡིན་པ་ལ་ནམ་ཡང་དྲན་ནས་ནམ་ཡང་རང་ཉིད་མི་རྟག་པ་ཡིན་པ་སྒོམ་དགོས་ཀྱིན་ཡོད་རེད། ང་ཚོ་མི་རྟག་པ་ཡིན་པ་སྒོམ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ལྷན་སྐྱེས་ཀྱི་ངར་འཛིན་དང་འཁོར་བ་དང་འདོད་ཡོན་གནས་མལ་སོགས་ལ་རྟག་འཛིན་ལྡོག་པའི་ཆེད་དུ་སྒོམ་དགོས་ཀྱིན་ཡོད་རེད། མི་རྟག་པ་སྒོམ་ན་ཕན་ཡོན་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། གཙོ་བོ་རང་ཉིད་འཁོར་བ་ལ་སུན་སྣང་སྐྱེ་ནས་མི་རྟག་པ་སྒོམ་དང་དགེ་བ་ལ་སྐུལ་འདེད་ཡོང་གི་ཡོད་རེད། མི་རྟག་པ་སྒོམ་པའི་སྟོབས་ཤུགས་ཀྱིས་དགེ་བ་ལ་སྐུལ་འདེད་མུ་འཐུད་སོང་ན་དོན་སྙིང་ལྡན་པའི་མི་ཚེ་ཞིག་ལ་བསྐྱོད་ཐུབ་པ་རེད།  

གཉིས་པ་འཁོར་བའི་ཉེས་དམིགས་ཀྱི་ངོ་བོ་ནི་རྒྱུ་དུག་ལྔས་རྐྱེན་བྱས་ནས་འབྲས་བུ་རིགས་དྲུག་གི་ལས་སྣང་ཚན་ཆེན་མི་བཟོད་པ་ཁོ་ན་མྱོང་དགོས་པ་དེ་འཁོར་བའི་ཉེས་དམིགས་རེད། དུག་ལྔའི་རྣམ་སྨིན་རེད། རྗེ་མཉམ་མེད་ཆེན་པོས་གསུངས་པ་ལྟར། དུག་ལྔའི་རྒྱུ་ལས་མི་དགེ་སྤྱོད། འཁོར་བའི་ལམ་ལྔ་རྣམ་པར་སྨིན། ཞེས་གསུངས་པ་ལྟར་རེད། རྒྱུ་ཐོག་མའི་མ་རིག་པའི་ཀུན་སློང་ཁོ་ན་ལ་བརྟེན་ནས་རང་རྒྱུད་ཀུན་གཞིའི་རྣམ་ཤེས་སྟེང་དུ་ཟག་བཅས་ཀྱི་དགེ་མི་དགེའི་ལས་སྟོབས་ཆེན་བསགས་ནས་རིགས་དྲུག་གང་ལ་སྐྱེས་ཀྱང་སོ་སོའི་ལས་སྣང་ལ་སྐབས་འགར་བདེ་བ་ཕྲན་བུ་མཐོང་ཀྱང་ངོ་བོ་སྡུག་བསྔལ་གྱི་དྲྭ་རྒྱ་རུ་ནམ་ཡང་ཚུད་སྡད་པ་ཞིག་རེད། འཁོར་བ་ཟེར་བ་འདི་གཙོ་བོ་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་བདེན་པ་ཞིག་གི་ངོ་བོ་ལས་ནམ་ཡང་བརྒལ་མ་ཐུབ་པས། མཐར་ཐུག་བདེ་འབྲས་ཀྱི་སྙིང་པོ་ཞིག་ནམ་ཡང་མེད་པ་ཧ་གོ་དགོས། དཔེར་ན་འདོད་ཡོན་གཟུགས་སྒྲ་དྲི་རོ་སོགས་ཀྱིས་གནས་སྐབས་ཚོར་བ་བདེ་བ་ཙམ་སྤྲད་བཞིན་ཡོད་ན་ཐང་། མཐར་ཐུག་འབྲས་བུ་ངན་སོང་སྡུག་བསྔལ་གྱི་གནས་སུ་འཕེན་ཏེ། འདོད་ཆགས་དབང་གིས་ཡི་དྭགས་གནས་སུ་སྐྱེ། ཞེས་གསུངས་པ་ལྟར་ཡིན་པས་འཁོར་བའི་ངོ་བོ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཤེས་དགོས། དཔེར་ན། དཔལ་འབྱོར་ར་འདྲ་ཞིག་དེས་སྡུག་བསྔལ་ར་འདྲ་ཞིག་བསྐྱེད་བྱེད་མི་ཆགས་པའི་ངེས་པ་ག་ལ་ཡོད་དོ།།

གསུམ་པ་དལ་འབྱོར་རྙེད་དཀའ་བའི་ངོ་བོ་ནི། སྤྱིར་སེམས་ཅན་ལ་ཁམས་གསུམ་དང་ཁམས་གསུམ་རེ་རེ་བ་ལ་རྣམ་གྲངས་བགྲང་དུ་མེད་པ་ཡོད་ཀྱང་། གཟུགས་མེད་ལ་ལྟོས་ན

་གཟུགས་ཁམས་སེམས་ཅན་སྲིད་པ་ཙམ། གཟུགས་ཁམས་ལ་ལྟོས་ན་འདོད་ཁམས་སེམས་ཅན་སྲིད་པ་ཙམ། འདོད་ཁམས་གྱི་ནང་ནས་མཐོ་རིས་ཀྱི་སེམས་ཅན་སྲིད་པ་ཙམ། མཐོ་རིས་གསུམ་གྱི་ནང་ནས་མི་ཡི་སེམས་ཅན་འདི་སྲིད་པ་ཙམ་ཡིན་པས། མི་ལུས་དལ་འབྱོར་འདི་ཤིན་དུ་རྙེད་དཀའ་བ་ཞིག་ཡིན་པ་ངོ་ཤེས་དགོས། མི་ལུས་ཤིག་ཐོབ་ཀྱང་དལ་འབྱོར་བཟང་པོ་ཞིག་ཐོབ་པ་དཀའ་མོ་ཡིན་པ་ངོ་ཤེས་དགོས་ཏེ། མི་ལུས་ཀྱི་སྐྱེ་བ་འདི་རྒྱུ་དགེ་བའི་འཕེན་རྫོགས་གཉིས་ཀྱི་ལས་སྟོབས་ལྡན་འཛོམས་པ་ཞིག་ལས་བྱུང་དགོས་པ་ལས། དེ་ག་ཙམ་གྱི་ལས་ཡིན་པ་ཙམ་ལ་འབྱུང་སླ་མོ་ཞིག་ཁྱོན་ནས་མིན། སོ་སོའི་དལ་འབྱོར་གྱི་མི་ཚེ་འདི་རྩལ་ཆེན་པོ་མཐོང་ཆེན་པོ་ཞིག་བརྩི་དགོས། མཐོང་ཆེན་པོ་བརྩི་སྟངས་དེ་ཡང་རྩལ་ཆེན་གྱི་དལ་འབྱོར་དང་འགངས་ཆེན་གྱི་མི་ཚེ་འདི་དོན་མེད་ཁྲོག་བརླག་ཏུ་མ་ཤོར་ནམ་ཡང་དགེ་སྒྲུབ་སྡིག་སྤང་དང་ཤེས་རིག་སློབ་སྦྱོང་སོགས་ལ་བརྩོན་པའི་གོ་སྐབས་བཙལ་རྒྱུ་དེ་གལ་ཆེན་འཛིན་དགོས། མི་ལུས་བཟང་པོ་ཞིག་ཐོབ་ཀྱང་དགེ་བ་ཏིལ་འབྲུ་ཙམ་མེད་ན། རིན་ཆེན་གླིང་ལ་ཕྱིན་པ་འདྲ་ན་ཡང་། ནོར་བུའི་ནོར་སྐལ་ཆད་པ་སྒེར་སྡུག་རེད། ཅེས་ཞུ་བ་ལགས་སོ།  མི་ཚེ་འདི་རྩལ་ཆེན་འཛིན་དགོས་པའི་རྒྱུ་མཚན་ང་ཚོ་རིགས་དྲུག་གི་སེམས་ཅན་ནང་ནས་ཆེས་རྣམ་དཔྱོད་ཅན་དེ་མི་རེད། ཇི་ཙམ་མི་ཚེ་འདི་ཡི་རིང་ལ་སོ་སོས་འབད་བརྩོན་ཐུབ་པ་ཡིན་ན། མི་གཅིག་གིས་ཆོས་འཇིག་རྟེན་གྱི་བྱ་བཞག་གང་ཞིག་སྒྲུབ་པ་ལ་ནུས་པ་ཆེན་པོ་ཡོད་ངེས་པ་རེད། དེའི་ཕྱིར་མི་ཚེ་འདི་ལུགས་གཉིས་ཀྱི་བྱ་བཞག་གང་ཡང་མ་འགྲུབ་པར་ཁྲོག་བརླགས་སུ་མ་ཤོར་བར་བྱེད་རྒྱུ་དེ་གལ་ཆེའོ།།

བཞི་པ་ལས་རྒྱུ་འབྲས་ཀྱི་ངོ་བོ་ནི་གཙོ་བོ་རྒྱུ་བསླུ་བ་མེད་པ་ཞིག་སྔོན་དུ་བཏང་ན་འབྲས་བུ་བསླུ་བ་མེད་པ་ཞིག་ཕྱིས་སུ་སྐྱེ་ངེས་པ་དེ་དངོས་པོའི་གཤིས་ཡིན་པ་ཧ་གོ་དགོས། རྒྱུ་འབྲས་གོ་ལྡོག་ཅིག་ནམ་ཡང་སྐྱེ་མི་སྲིད་དེ། དཔེར་ན་འབྲས་དཀར་བཏབ་ན་ཏིལ་དཀར་མི་འབྱུང་བ་ནང་བཞིན་རེད། ད་ལྟ་སོ་སོའི་ཁོར་ཡུག་ཆ་རྐྱེན་དང་མཐུན་པའི་སྒོ་ནས་རྒྱུ་དགེ་བ་བྱས་ན་མ་འོངས་པར་འབྲས་བུ་བདེ་བ་ཞིག་ཡོད་ཐག་ཆོད་པར་བློ་འགེལ་དགོས། སོ་སོས་སྦྱོར་བ་གསུམ་ཚང་གི་སྒོ་ནས་དགེ་སྡིག་གི་ལས་གང་ཞིག་བསགས་ཀྱང་འབྲས་བུ་སྨིན་པར་བྱེད་པའི་བག་ཆགས་དེ་ཀུན་གཞི་རྣམ་ཤེས་སྟེང་དུ་འཇོག་པ་ལ་སུ་ཡིས་འགོག་མི་ཐུབ་པས། ལས་བཟང་ངན་ག་འདྲ་བསགས་ཀྱང་འབྲས་བུ་སོ་སོ་རང་ལ་སྨིན་རྒྱུ་ལས་གཞན་སུ་ལ་ཡང་འགེལ་ས་མེད་པ་ཐག་ཆོད་དགོས། དེ་ལྟར་ཐག་ཆོད་ན་གང་བྱུང་བྱུང་གི་སྤྱོད་པ་ངན་པ་ལ་སྔོན་འགོག་ཐུབ་སྟེ་དཔེར་ན་བྲག་རོང་དང་གཡང་གཟར་རང་གིས་མཐོང་ན་སུ་ཡང་དེར་མཆོང་མི་འགྲོ་བ་ནང་བཞིན་རེད། སྤྱིར་རྣམ་སྨིན་རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། རྣམ་སྨིན་གྱི་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་སྨིན་རྒྱུ་དེ་དགེ་སྡིག་ལས་འབྲས་ཀྱི་དྲང་ཐིག་རེད། སྔ་མ་ཅི་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མ་ཅི་ཡང་ད་ལྟའི་ལས་ལ་ལྟོས་གསུངས་པ་ལྟར་རེད། རྒྱུ་དགེ་བ་བྱས་ན་འབྲས་བུ་བདེ་བ་ཡོད་མེད་ཐེ་རུ་ཚོམ་བཞིན་ལས་འབྲས་ལ་ཡིད་མ་ཆེས་ན་མི་ཚེ་གང་པོར་དགེ་བྱེད་པའི་ཚུགས་ཀ་ཇི་ཙམ་འཆང་ཡང་དོན་མེད་དཀའ་ངལ་གྱི་རྒྱུ་ལས་གཞན་མེད་དོ། དགེ་སྒྲུབ་སྡིག་སྤང་གི་ལམ་ཁར་བསྙེགས་འདོད་ན་རྨང་གཞི་གཙོ་བོ་དེ་ལས་འབྲས་ལ་ཡིད་ཆེས་དང་། དཀོན་མཆོག་ལ་དད་པ་བརྟན་པོ་ཞིག་དགོས་རྒྱུ་དེ་གལ་ཆེའོ། དད་པ་བརྟན་པོ་ཞིག་མེད་ན་མི་ལུས་བཟང་པོ་ཐོབ་ཀྱང་ཞིང་ས་ངན་པ་དང་འདྲ་སྟེ། ལྗང་སྨྱུག་བཟང་པོ་ནམ་ཡང་སྐྱེ་བའི་དུས་མེད་པས་སོ།། མདོར་བསྡུས་ན་ང་ཚོ་སྐྱེ་བ་བརྒྱ་ལས་རེ་འགའ་ཙམ་གྱི་མི་ལུས་བཟང་པོ་འདི་དོན་མེད་ཆུས་ཟོས་སུ་མ་སོང་བར། ལུགས་གཉིས་ཀྱི་བྱ་བཞག་གང་ཞིག་སྒྲུབ་པ་ལ་འབད་བརྩོན་ལྷོད་མེད་དགོས་རྒྱུ་དེ་ཚང་མས་གལ་ཆེན་ཞིག་འཛིན་རོགས་ཞུ་རྒྱུ་དེ་ཡིན་ནོ།།

༢༠༡༧/༩/༢༨/ཉིན་ངལ་གསོ་ཉིན་གྱི་ཞོག་པར་མགྱོགས་བྲིས་བྱས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.