རང་ལས་གོང་གི་མི་ལ་ཕྲག་དོག་བྱེད་མ་ཆེ།
༧ ང་ཚོ་གནའ་སྔ་མོ་ནས་ད་བར་གྲུབ་མཐའ་དང་། མི་རིགས་དང་ཡུལ་ལུང་བྱེ་བྲག་པ་དང་། ཐ་ན་མི་གཉིས་ཡན་གྱུར་པ་ཕན་ཚུན་མཐུན་སྒྲིལ་མ་བྱུང་བ་ཕལ་ཆེ་ཤོས་ཕྲག་དོག་གིས་བཟོས་པ་ཡིན་རྒྱུ་རེད་བསམ་ཡོད། དེང་སང་མི་ཚོས་རང་རང་གིས་ལུགས་གཉིས་ཀྱི་བྱ་བཞག་གང་ཞིག་ལ་ཡང་འབད་པ་ཏིལ་ཙམ་མི་ནུས་ཁ་བཟའ་རྒྱུ་དང་ལུས་ཉལ་རྒྱུ་དེ་མ་གཏོགས་མི་ཤེས་པའི་ལས་ཟད་ཐབས་སྡུག་འགའ་ཡིས། རང་ལས་གོང་གི་གཞན་ཕྱུག་པོ་འབྱོར་བ་ཅན་དང་། སྤྱི་ཚོགས་ཀྱི་གོ་ས་ཐོབ་ཐང་གི་ལམ་ནས་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཚོ་ལ། ལྷག་བསམ་མེད་རབས་དང་སྒེར་གཅོད་ཚ་བ་དང་རྒྱུ་མནགས་ཆེ་རབས་སོགས་ལྐོག་ནས་མང་པོ་གླེང་གིན་ཡོད་རེད། དེ་འུད་ཐུག་གཏམ་གྱི་སྐད་ཆ་རེད་བསམ་ཡོད། རྒྱུ་མཚན་ནི་ཡང་དག་པའི་དགེ་བྱེད་རི་ཁྲོད་པ་ཞིག་ཐུབ་ན་མ་གཏོགས། གཞན་ང་ཚོ་འཇིག་རྟེན་གྱི་མི་སུ་ཡིན་རུང་དཔལ་འབྱོར་དང་མཐུན་རྐྱེན་མི་འདོད་མཁན་ཞིག་སུ་ཡོད། དཔལ་འབྱོར་དང་མཐུན་རྐྱེན་སུས་ཀྱང་བློས་ཐོང་དཀའ་མོ་རེད་ཝ། ཚང་མས་འདོད་ཀྱིན་ཡོད་རེད་དེ་ཚང་མ་ལ་ཐོབ་ཀྱིན་ཡོད་མ་རེད། གལ་སྲིད་ཁྱོད་ཀྱིས་ཕྱུག་པོ་འབྱོར་བདག་ཐོབ་ཐང་ཅན་དང་། བྱ་བ་རླབས་ཆེན་ལེགས་གྲུབ་བསྐྱངས་མཁན་གྱི་མི་བུ་རྣམས་ལ་ཕྲག་དོག་གིས་མིག་ཚ་ནས་འདོད་ཆགས་ཀྱིས་འགྲན་སེམས་སྐྱེ་གི་འདུག་ན། ཁོ་ཚོ་ལ་ཡོད་པའི་ཕུན་སུམ་ཚོགས་པའི་འབྱོར་བ་གང་ཡོད་པ་དེ་དང་། རླབས་ཆེན་གྱི་བྱ་བ་གང་ལེགས་གྲུབ་ཐུབ་པ་དེ་ལ། ཁོ་ཚོས་མྱི་ལོ་བཅུ་ཉི་ཤུའི་རིང་ལ་དཀའ་བ་བརྒྱ་དང་འབད་པ་སྟོང་གི་རྔུལ་ཆུ་ལས་གྲུབ་པ་ཡིན་པར། དང་པོ་ཁྱོད་རང་གིས་ཡིད་ཆེས་ཐག་ཆོད་པར་ཧ་གོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་ཧ་གོ་བར་གཞི་གཟུང་གི་ལམ་ནས་ཁྱོད་ཀྱིས་དེ་ལྟ་བུའི་འབད་བརྩོན་ཞིག་གནང་དང་ཁོ་ཚོ་ལྟ་བུའི་རླབས་ཆེན་ཞིག་འགྱུར་སྲིད་དོ།། “ཁྱོད་རང་ལ་སུ་གཅིག་ལ་མེད་པའི་དཔལ་འབྱོར་དང་ཤེས་ཡོན་གཅིག་དགོས་ན། སུ་གཅིག་གིས་མ་ནུས་པའི་འབད་བརྩོན་ཞིག་ཁྱོད་ཀྱིས་བྱེད་དགོས་ཞེས་དེང་གི་སློབ་གསོ་བ་རྣམ་པའི་ངག་རྒྱུན་ནས་གྲགས་པ་བཞིན་རེད། “ ཁོ་ཚོས་རྒྱུ་སྟོབས་ཆེན་དང་འབད་པ་རླབས་ཆེན་མ་བསགས་པའི་འབྲས་བུ་བཟང་པོ་ཞིག་ག་ལ་འཁྲུངས་སྲིད། འབྱོར་བ་རླབས་ཆེན་བསྐྲུན་མཁན་དང་། བྱ་བཞག་སྟོབས་ཆེན་སྒྲུབ་མཁན་གྱི་མི་བུ་སུ་ཞིག་ཡིན་རུང་། ཁོར་ཡུག་དེར་གནས་པའི་མི་བུ་ཚང་མས་ཁོ་ཚོ་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་རྒྱབ་སྐྱོར་དང་ཡི་རངས་ཞུ་དགོས་ངེས་རེད། གཉིས་ནས་ཡུལ་ལུང་དེ་ཡི་མི་སྟོབས་ཆེན་ལ་ཡོད་པའི་དཔལ་འབྱོར་དང་འཇོན་ཐང་དེ་མི་རིགས་སྤྱི་དང་ཡུལ་ལུང་སྤྱི་ཡི་རྒྱན་ཆ་ཞིག་ཏུ་ངོས་ཟིན་དགོས་རེད། ད་དུང་ཡུལ་ལུང་དེར་མི་སྟོབས་ལྡན་འཇོན་ཐང་ཅན་གཅིག་ཐོན་ཡོང་ན་དེ་ལ་བརྟེན་ནས་བྱུང་བའི་འབྱུང་འགྱུར་ལའང་མི་རླབས་ཆེན་བསྐྱེད་བསྲིང་ཐུབ་པའི་ནུས་པ་ཡང་བརྒྱ་ཆ་བརྒྱད་ཅུ་ཡོད་སྲིད་པ་རེད། ང་ཚོ་འཇིག་རྟེན་པའི་རྒན་དར་གཞོན་གསུམ་སུ་ཡིན་རུང་མིག་དཔེ་ཡར་ལྟོས་ཀྱི་སྒོ་ནས། ཕྱི་ཡི་དཔལ་འབྱོར་དང་། ནང་གི་རིག་གནས་སོགས་གང་རུང་གི་ལམ་ནས་འབད་པ་མི་ཞུམ་པར་བརྩོན་དགོས་རྒྱུ་དེ་གལ་ཆེན་རེད་བསམ་ཡོད། དེང་སང་མི་ཕལ་མོ་ཆེས་ཁ་ཕར་སྐོར་ནས་གཞན་གྱི་སྐྱོན་ཆ་ཁོ་ན་གླེང་ནས་མི་ཚེ་ཟད་འགྲོ་ཡ་ལས། སོ་སོ་རང་གིས་འབད་པ་ཡང་དག་གཅིག་ཀྱང་བྱེད་མི་ཐུབ་མཁན་ཤིན་ཏུ་མང་པོ་རེད། ཚེ་འདི་ལ་ལྟོ་བ་མ་ལྟོགས་ཙམ་དང་། རྒྱབ་མ་འཁྱགས་ཙམ་གྱི་མི་ལུས་ཐོབ་པའི་དོན་གོ་ག་ལ་ཆོད། ཚེ་འདི་ཡི་ལྟོ་གོས་ཙམ་ཡང་། ས་སྟེང་གི་འབུ་གྲོ་མ་དང་ཁྱི་ཕག་དུད་འགྲོ་སོགས་ཀྱིས་བཙལ་ཤེས་ཀྱིན་ཡོད་རེད། ང་ཚོ་མི་ཟེར་བ་དེ་དུད་འགྲོ་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་གང་ཡོད་པ་དེས། བྱ་བ་ཡང་དེ་ལས་དཔག་པ་ཞིག་སྒྲུབ་དགོས་ངེས་རེད། ལོ་གསར་པའི་ནང་ལ་རྣམ་པ་ཚོས་བྱ་བཞག་བཟང་པོ་གང་ཞིག་སྒྲུབ་པ་ལ། དཀའ་ཚེགས་གང་ཞིག་འཕྲད་ཀྱང་སྤོབ་པ་མི་ཞུམ་པའི་དམ་བཅའ་རྒོད་པོ་སེམས་རྒྱུད་ལ་འཇོག་ནས་འབད་བརྩོན་ལྷོད་མེད་གནང་བར་ཞུ་ཞུ་ཞུ།།།
སྤྱི་ལོ་/༢༠༡༩/༡/༦/ཞང་བོད་ལུགས་རྙིང་ལོ་གསར་ཚེས་གཅིག་ཉིན་མོར་འཚམས་འདྲི་ཆེད་དུ་/ བསོད་ནམས་བློ་གྲོས/ནས་ད་ནངས་དྲ་སྒོ་ཕྱེ་ཞོར་སྤེལ་བ་ལགས་སོ།།