ང་ཚོ་ལ་ཡོད་པའི་ཁྱད་བོན་ཟུར་ཙམ།
བསོད་ནམས་བློ་གྲོས།
ཏི་སེ་དཀར་པོ་པིར་གྱིས་མ་ཚོན་ཞིང་།།
རི་བོ་དགུ་བརྩེགས་འཕྲུལ་གྱིས་མ་བཟོས་པའི།།
འཛམ་གླིང་གྲགས་པའི་ཆུ་བོ་བཞི་འདུས་ཏེ།།
གཞན་ལ་མེད་པ་བོད་ལ་ཡོད་པ་ཡིན།།
གོ་ལའི་སྒང་ལ་འབུར་དུ་གྲགས་པ་སྟེ།།
ལོ་རྒྱུས་སྟོང་གི་བགྲེས་པོའི་སྣུམ་ཞག་ཅན།།
ཆུ་འགོ་གངས་ཀྱི་ཞང་ཞུང་རིག་གནས་ཏེ།།
གཞན་ལ་མེད་པ་བོད་ལ་ཡོད་པ་ཡིན།།
ས་མཐོའི་རྩྭ་གཙང་ཧུབ་ཏུ་བཟས་པ་དང་།།
དྭངས་གཙང་འོ་མ་ཤེད་དུ་དཀྲུགས་པ་ལས།།
འཚོ་བའི་ཡང་རྩེ་དཀར་གསུམ་སྡེར་ཁ་ཡི།།
གཞན་ལ་མེད་པའི་དཀར་ཟས་བོད་ལ་ཡོད།།
ཕྱོགས་བཞི་ཆོན་ཕུར་ས་ལ་བཀྲབ་ས་ནས།།
ཨ་ཁུ་འབྲོག་པའི་ནོར་གནག་རྟ་ལུག་དང་།།
གཡག་རྩིད་དགུ་སྒྲིམ་སྦྲ་ནག་སྨུག་པོ་སོགས།།
གཞན་ལ་མེད་པའི་ཁྱིམ་ཐབ་བོད་ལ་ཡོད།།
འབྲུ་དྲུག་སྙེ་ལོ་མགོ་ལྕོགས་ལྡེམ་ལྡེམ་ངང་།།
འབྲུ་རིགས་བརྒྱ་ལོ་ཁ་ཞག་འཕྱུར་ས་ཡི།།
ཕ་མེས་སྟོང་གི་ཚེ་སྲོག་འཁྲས་ས་སྟེ།།
ཁ་ཞེང་ཆེ་བའི་ཕ་ཞིང་བོད་ལ་ཡོད།།
འཕྲུལ་གྱི་རྩལ་ལ་ལད་ཟློས་མི་དགོས་ལ།།
གསོ་བའི་རིག་གཞུང་དཔེ་གཡར་ཞུ་མི་དགོས།།
མྱུར་སྐྱོབ་ཞབས་ཞུའི་ལག་ལེན་འཁྲུལ་མེད་དེ།།
གཞན་ལ་མེད་དུས་སྔ་ནས་བོད་ལ་ཡོད།།
གཡུ་མདོག་མཁའ་ནས་དུད་པའི་དྲི་བསུང་འཕྱུར།།
ཁ་རླངས་ངན་པས་ཡུལ་ལུང་བརྫོད་མི་སྲིད།།
ཁོར་ཡུག་དྲོ་ཞིང་ལུས་ལ་འཕྲོད་བསྟེན་ཅན།།
འབྲི་གཡག་ལྕི་མེ་དམར་པོ་བོད་ལ་ཡོད།།
གངས་རི་དཀར་པོའི་དབུ་རྒྱན་དགུང་ལས་མཐོ།།
རྫ་སྤང་གཡུ་ཤུག་ཁྲ་རྒྱན་མིག་ལ་མཛེས།།
གཡུ་མདོག་ཚངས་ཚིངས་མཐུག་པའི་ལྗོན་ཤིང་གི།
ཞིམ་དགུ་དྲི་བསུང་སྣ་བརྒྱ་བོད་ལ་ཡོད།།
རྫ་སྤང་གཡུ་གཞོང་ཁ་ཞེང་ཆེ་ས་དང་།།
ར་བ་སྒོ་བཞིའི་སྤུ་ཁ་བཙན་ས་དང་།།
དགོས་འདོད་ཀུན་འབྱུང་གཏེར་ཁའི་རི་བོ་སོགས།།
རིན་ཆེན་སྣ་ལྔའི་གྲམ་དཔུང་བོད་ལ་ཡོད།།
དྭངས་མོའི་ཆུ་ལ་རྫས་ཀྱིས་གྲུང་མི་དགོས།།
ས་མཐོའི་གངས་ཀྱི་རྫ་ཆུ་ཤག་ཤག་འབེལ།།
རང་བྱུང་སྤང་ལ་རྩྭ་ལྗང་བཙུགས་མི་དགོས།།
ཡིད་དབང་འཕྲོག་པའི་ཁོར་ཡུག་བོད་ལ་ཡོད།།
དགོས་རྒྱུ་ཉུང་ལ་འགལ་རྒྱུ་མང་བ་སྟེ།།
སྡོམ་སྡིག་སྦྲང་སྦྲུལ་འཚོ་ཐབས་བྱེད་མི་དགོས།།
ཁྱི་ཕག་བྱ་གསུམ་འཚོ་བ་བརྟེན་མི་དགོས།།
གཞན་ལ་མེད་པའི་གཡག་ཤ་བོད་ལ་འབེལ།།
ཤིང་ལས་གྲུབ་པའི་ཅིན་མར་མ་ཐོན་ཀྱང་།།
ཁ་ལ་ཞིམ་པའི་མར་དཀར་བོད་ལ་ཡོད།།
ལུས་ལ་གནོད་པའི་འགྱིག་གོས་མི་དགོས་ཏེ།།
གཡག་རྒོད་འབྲི་ཡི་ཀོ་སྟོད་བོད་ལ་ཡོད།།
ལས་འབྲས་ངོ་ཚ་ཞིབ་ཏུ་བསྲུང་བ་དང་།།
གནའ་དང་རྫུན་ཚིག་ཐན་དུ་ལྟ་བ་དང་།།
འགལ་རྩ་ཐུག་དུས་དམ་བཅའ་རྡོ་ལས་སྲ།།
སེམས་ཆོད་རྒོད་པའི་མི་རྒོད་བོད་ལ་ཡོད།།
ཐབ་རྡོ་འདྲ་བའི་ཤ་རྩ་ནག་པོ་མིན།།
ཐལ་སྐྱ་དཀར་དམར་གདོང་ལ་བྱུག་མི་དགོས།།
དཀར་ཆ་གྲུང་ཆ་སྐུ་གཟུགས་ལྡེམ་རྫོགས་ཀྱི།།
ཡིད་འོང་གཞོན་ནུ་ཕོ་མོ་བོད་ལ་ཡོད།།
ཀ་ཁའི་སྐད་ཡིག་འབྲི་ཀློག་འདོན་གྱིས་བསྐྱངས།།
མེས་པོའི་སྲོལ་རྒྱུན་མི་རབས་སྟོང་ལ་བཞག།
མི་རིགས་ཕན་ཚུན་མ་ལྟར་བྱམས་མཁན་གྱི།།
ལྷག་བསམ་དཀར་པོའི་ཆུ་འགོ་བོད་ལ་ཡོད།།
༢༠༡༨/༡༡/༢༠/ཞོགས་པར་བྲིས།