སྣ་ཟིན་ཚིག་གིས་བཏབ་པའི་ཚོར་བ།
བསོད་ནམས་བློ་གྲོས།
༧ སེམས་ཀྱི་ཚོར་བའི་བག་ཆགས་བཙན་པོ་ཡུན་རིང་གོམ་པའི་རླབས་ཀྱིས་ཚེམ།།
ལས་ཀྱི་གཤོག་སྣེའི་དར་ལུང་རིང་མོ་ལྷོ་གླིང་སོག་ཁའི་སྒང་ནས་འཐེན།།
འདུ་བྱེད་སྟབས་ཀའི་ལང་ཚོ་སྙི་མོ་ཚོར་བའི་ཆ་ལངས་སྐྱིད་སྡུག་བསྡེབ།།
བླ་ཡིད་སེམས་ཀྱི་རྐང་ལམ་དམར་པོ་ལས་ཉོན་གཤག་པའི་རྡོག་ཁྲས་བགོམ།།
དཀར་དམར་སྣང་བ་ཡོ་ལངས་རྒོད་པས་ཚོར་བའི་རི་མོ་གངས་ལ་བཏབ།།
འདུ་བྱེད་བྲེལ་འཕོང་བྲེལ་དུ་དེད་པའི་རྣམ་རྟོག་རྒྱུ་བའི་གན་གཞུང་དུ།།
རིགས་དྲུག་སྐྱེ་རྒུ་རིས་སུ་མ་ཁྱད་བདེ་བའི་པང་ལ་འདུར་དུ་རྒྱུགས།།
ལས་སྣང་སྒྱུ་མའི་དཀར་ཐིག་གཅིག་ནང་ཆེ་ཆུང་མེད་པར་གྲབ་ཏུ་གཤར།།
མི་བདེན་ཚིག་ལ་ལག་འཇུ་དམ་ཀྱང་ཐ་སྙད་དུ་མའི་ཆ་ག་བཏགས།།
ཡིད་མཐུན་ཚིག་ལ་ཡིད་གཏད་ཚ་བས་མཆན་བུ་དམར་པོ་གང་ལ་བསྒྲགས།།
ངོ་བོ་ཟོལ་པོའི་རྫོབ་དཔུང་མཐུགས་པའི་ཉོབ་ཅན་རྫུན་གྱི་ཨ་མཐས་གཏོར།།
ཉམས་དགའི་སྣང་བ་བརྟག་ན་མི་བཟོད་མི་བདེན་སྒྱུ་མའི་དཔེ་རུ་བསྙེགས།།
དམར་པོའི་མདངས་ལ་ཟད་རྫོགས་མཐའ་གསུམ་ཇི་སྲིད་བར་དུ་མི་གཏོང་ཁུལ།།
ཚིག་གི་བླ་དག་གྲུབ་ཆ་མང་བས་འཕྲལ་ཕུག་གཉིས་ཀར་མངགས་གཏོང་མང་།།
རང་བློར་བསྟུན་པའི་སྟབས་ཀ་ཞིག་གིས་དྭངས་ཀ་འབྱེད་ལ་བྱ་ར་བྱས།།
ཡིད་འོང་གསར་ཡག་དཀར་ཤོག་ངས་ལ་ངེས་འབྱུང་ཚོམ་བུས་ཚད་ཐིག་བཏབ།།
འཕར་ལྡིང་རྩ་ཡི་སྦུག་གུ་བརྒྱུད་ནས་ཚེ་སྲོག་ཕྲ་མོ་གསོན་ཞིང་འཁྱུད།།
སེམས་ཀྱི་སྐྱུ་རུ་གོར་མོའི་མཐིལ་དུ་བདག་ཉིད་བདག་གི་མི་བོ་ཡིན།།
རྐང་ལམ་སྐྱ་མོ་དབང་སྒྱུར་བྱེད་པའི་མགོན་པོ་རང་ལས་གཞན་མ་མཆིས།།
གང་གིས་མ་བསྐོས་སུས་ཀྱང་མ་སྒྲུབ་མཁའ་མཐའི་འོད་ལ་ང་རང་འཁྲས།།
དུང་སོ་སུམ་ཅུའི་གྲལ་ཁ་མ་ཤིག་དབྱངས་གསལ་དག་མའི་གདངས་ལ་འཇུ།།
ཁ་ཞེང་ཚད་ལ་འདོམ་ཚོད་མེད་པའི་རང་མེས་གཞུང་གི་མཚེར་སྒར་དཀྱིལ།།
སྐྱིད་སྡུག་མི་གཅིག་ལས་སྣང་མ་མཐུན་སྲིད་ཞི་གཉིས་ཀྱི་ཚངས་ཐིག་འོག།
མཁས་གྲུབ་སྟོང་གི་འཕུར་ལམ་བཙལ་ནས་ཡིག་འབྲུ་གསེབ་ཏུ་འཚོ་འདོད་ཆེ།།
རྟེན་འབྲེལ་འདུ་བྱེད་སྐྱིད་སྡུག་ཚ་གྲང་ཚོར་བ་བཙན་པའི་གཟུགས་བཞི་འདི།།
ཆ་ལག་རྐྱེན་པོའི་སྟབས་ཀ་སྤྲས་ནས་འཕྲོད་ཅིང་བསྟེན་པར་གནས་འདོད་ཡོད།།
མཚོན་བྱེད་བླ་དག་འདི་ལ་འཁྲས་ནས་ཚེ་ཁ་གང་པོར་སྐྱིད་འདོད་ཆེ།།
རྒྱུན་དུ་མཆོད་པའི་ལྷ་དང་བླ་མ་མགོན་དང་སྲུང་མར་སྡོང་གྲོགས་ཞུ།།
སྤྱི་ལོ་༢༠༡༨/༡༢/༡/ ཉིན་མོར་ཤར་ཤར་འཁྱུག་གོ།།