སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38460


 
ཕོད་པ་གསུམ་གྱི་མཁས་དབང་རྗེས་སུ་དྲན་པ།
[ 2018/12/3 10:50:00 | By: vase ]
 



ཕོད་པ་གསུམ་གྱི་མཁས་དབང་རྗེས་སུ་དྲན་པ།


བསོད་ནམས་བློ་གྲོས།


དྲན་ནས་བདེན་པའི་ཆེད་དུ་ངུ་ཕོད་པ།།

འཐབ་ནས་རྒྱལ་ཁའི་ཆེད་དུ་རྒོལ་ཕོད་པ།།

ལུང་དང་རིགས་པ་ཁྱེར་ནས་འཕུར་ཕོད་པ།།

ཕོད་པ་གསུམ་གྱིས་ཕྱུག་པའི་མཁས་དབང་ཞིག།


ཞང་ཞུང་དྲན་པ་བྱོན་པའི་གནའ་ཤུལ་ནས།།

ཞང་ཞུང་སྙན་རྒྱུད་སྒོམ་པའི་རྒད་པོ་ཞིག།

ཞབས་རྗེས་གངས་ལ་བཞག་པའི་དབུ་རྩེ་ནས།།

ཉམས་ལེན་གཤོག་པ་ཐོགས་ནས་ཁར་རྩང་འཕུར།།


གངས་ལ་དཀར་པོ་འདི་ནས་ཕར་ཞིག་བརྒལ།།

རི་ཆུ་སྟོང་གི་མཐའ་ནས་ཚུར་ཞིག་གཟིགས།།

ཞང་བོད་མེས་པོའི་གདངས་ལ་ལན་ཞིག་ཆགས།།

ཕ་ཡི་གསུང་འབུམ་བུ་ལ་རྗེས་བཞག་མཛད།།


དཀར་པོ་ཞང་ཞུང་རྡོ་ཡི་ཐབ་ལྷ་བཅས།།

པོ་ཏི་སྔོན་པོ་ཞིག་ལ་སྤྱན་དཀྱུས་ཡངས།།

མྱེས་པོ་སྟོང་གི་ལོ་རྒྱུས་རྒྱལ་ཁམས་བསྒྲགས།།

གཡག་ཞར་གདོན་གྱི་རྒོལ་ངན་ཕམ་པར་མཛད།།


འཚོ་བ་ངན་ངོན་ཙམ་ལས་མ་འགྲིགས་ལ།།

ན་བཟའ་ཧྲ་ཧྲུལ་ཞིག་ལས་མ་རྙེད་ཀྱང་།།

ལྟོ་བ་སྐོམ་ལྟོགས་གཉིས་ཀྱིས་མནར་ས་ནས།།

ཞང་ཞུང་རྒད་པོ་ཞིག་གི་ཚུགས་ཀ་བཟུང་།།


ས་མཐའི་ཨ་སྐྱོ་ཞིག་གི་སྐྱེ་བ་དང་།།

མགོན་མེད་དྭ་ཕྲུག་ཅིག་གི་འཚོ་བ་ལས།།

ཞབས་ཕྱི་ཆིབ་འཁོར་སྐུ་བསོད་མ་རྒྱས་ཀྱང་།།

རྒྱལ་སྤྱིའི་གར་སྟེགས་སྒུལ་བའི་རྒད་པོ་གྱུར།།


ཆུ་མགོ་གངས་ལ་གཏུགས་ནས་ཆབ་ཅིག་དྲངས།།

ཆོས་མགོ་བོན་གྱིས་ཕུབ་ནས་འགྲེལ་ཞིག་གནང་།།

མུན་པའི་རུ་དཔུང་བསྟར་བའི་ལྔ་བདོ་ནས།།

སྐད་ཡིག་བླ་ཚེ་བསྲུང་བའི་གོ་ཁྲབ་མཛད།།


འགའ་ཞིག་བགྲོ་སྟེགས་ཐོག་ལ་རྡོ་སྐུ་འདྲ།།

རེ་ཞིག་རྒྱལ་རབས་གླེངས་དུས་སྨྲ་སྒོ་འགག།

མང་ཞིག་ལོ་རྒྱུས་འབྲི་དུས་ལག་རྩ་འཁུམས།།

ཁྱེད་ཉིད་ཤེས་རབ་སྟོང་གིས་ཤར་ཤར་འཁྱུགས།།


ཟུར་ཟའི་མེ་ལྕེ་ནག་པོ་གདོན་གྱིས་སྤུར།།

མདོ་སྔགས་གངས་ཀྱི་འོ་མ་ཐབ་སློག་བྱས།།

གཡུང་དྲུང་བསྟན་ལ་ཁ་མཆུ་རྒྱབ་ཉིན་མོར།།

པོ་ཏི་གསེར་ཞལ་བསྲུང་བའི་མདའ་རྒོད་ཅིག།


བོན་ལ་ནག་དྲེགས་བྱུག་པའི་ཇུས་ངན་བཤམ།།

ཆོས་ཁ་ནང་ལ་གདངས་པའི་གནའ་ཤུལ་ནས།།

གངས་ཀྱི་ཏི་སེ་དཀར་པོའི་ཧྲེ་ཤུལ་ནང་།།

གད་ལ་རྭ་རྩེད་སྒྱུར་བཞིན་ཁྱེད་ཉིད་འགྱིངས།།


རིག་གཞུང་མགོ་བོ་འཐོམ་ནས་རུས་མ་དྲུད།།

ཕྱིན་ཅི་ལོག་ཏུ་སད་ནས་ཆོས་མ་གཡུགས།།

དྲང་བདེན་སྨྲ་བའི་གསེར་གྱི་ཐིག་ཤིང་ཁྱེར།།

ལུང་རིགས་རྒྱབ་ལྗོངས་ཚ་བའི་བུ་རྒོད་མཛད།།


བཟང་ངན་གྲུབ་འཐབ་རྩོད་པའི་གཡུལ་ཤོམ་ནང་།།

བདེན་དོན་སྟོད་གསིག་བྱེད་པའི་གཡུ་རལ་ཅན།།

ཤར་མཐའི་སྤྲིན་སྤུངས་གསེབ་ཀྱི་ངར་སྐད་རེར།།

རྒོལ་ངན་གྲ་ལེགས་ཁྱུ་ཚོགས་འདར་སིག་སིག།


ཟབ་ཚད་གསེར་སྲང་སྟོང་གིས་མི་སོད་ལ།།

རིང་ཚད་ཕོ་འདོམ་བརྒྱ་ཡིས་མི་འཇལ་བའི།།

ལྗིད་ཚད་གངས་ཀྱི་ཤེད་རྡོ་དཀར་པོ་སྟེ།།

གསུང་འབུམ་པོ་ཏི་ལྔ་པོ་གངས་ཀྱི་རྒྱན།།


རྐུབ་སྟེགས་བསྲུང་བའི་ཡང་སྲིད་འཁྲུངས་མི་དགོས།།

བདེན་དོད་འདོད་ན་ཡང་སྲིད་པོད་ཀྱིས་ཆོག།

འགལ་འདུ་བརྒྱ་ཡི་འཐབ་ར་བཅའ་མི་དགོས།།

བརྒྱ་བཤད་སྟོང་བཤད་པོ་ཏི་ལྔ་ཡིས་འགྲིགས།།


   ༢༠༡༨/༡༠/༥/ཉིན་དྲོ་གཞུང་ཤར་ཤར་འཁྱུག་གོ།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.