སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཡང་རྩེ་དྲང་ངེས་གཉིས་ལ་དཔེ་ཀློག་བྱས་པའི་ཟིན་བྲིས།
[ 2018/9/13 10:09:00 | By: vase ]
 

ཡང་རྩེ་དྲང་ངེས་གཉིས་ལ་དཔེ་ཀློག་བྱས་པའི་ཟིན་བྲིས། 


ཁྱུང་སྨྱུག་ཐོགས།


ཡང་རྩེ་ཀློང་ཆེན་དྲང་ངེས་གཉིས་ཀྱི་གཞུང་གླེགས་བམ་སྟོད་སྨད་གཉིས།   པན་ཆེན་ལི་ཤུ་སྟག་རིང་གིས་མཛད།   དྲང་ངེས་གཉིས་ཀྱི་འགྲེལ་པ་མཛད་མཁན།   ཞུ་ཡི་བླ་མ་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར།


རྫོགས་ཆེན་ཡང་རྩེ་ཀློང་ཆེན་གྱི་མདོ་ཁུངས་ནི།   རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་ལས།   ཀློང་ཆེན་བསྒྲགས་པ་སྐོར་གསུམ་དང་སྔགས་སེམས་མཐའ་དག་གི་ནང་ནས།   ལི་ཤུ་སྟག་རིང་གིས་མན་ངག་སྙིང་པོར་བཏུས་པ་ཡིན་ནོ།   དེ་ལ་གཉིས་ཏེ།   ལི་ཤུའི་ལོ་རྒྱུས་དང་།   དེས་མཛད་པའི་སྙན་རྒྱུད་འདི་ཉིད་ཀྱི་ལོ་རྒྱུས་སོ།   དང་པོ་ནི་སྔོན་གཉེན་ཡུལ་ཟ་ར་སྟག་སྐྱ་བྱ་བ་ན།   རྒྱལ་པོ་གཉེན་སྟག་སྤུངས་བྱ་བ་དང་།   ཡུམ་མུ་ལ་བཙན་བྱ་བ་དང་གཉིས་ལ།    འབངས་གྲོང་ཁྱེར་འབུམ་ཚོ་བརྒྱད།   ནོར་བུ་ལོངས་སྤྱོད་བསམ་དུ་མེད་པ་མངའོ།   དུས་ནམ་ཞིག་ལ་རྒྱལ་པོ་ལ་གཡུ་བྱ་ཁུ་བྱུག་གཅིག་གིས།   ཙན་དན་གྱི་ནགས་གསེབ་ན།   མ་ེཏོག་ལ་དངོས་གྲུབ་ཡོད་ཟེར་བ་བྱུང་ནས།   རྒྱལ་པོ་ནགས་གསེབ་ན་བྱོན་པས།   མེ་ཏོག་གི་སྟེང་དུ་བུ་མོ་སྐྱེ་མཆེད་ལེགས་པ་གཅིག་འདུག་ནས།   བླང་ནས་ཡུམ་ལ་ཕུལ་བས་ཤིན་ཏུ་དགྱེས་ཏེ།   མིང་ཡང་རླུང་རྒྱལ་སྟག་ཟ་ལི་ཝེར་དུ་བཏགས་སོ།   ཤིན་ཏུ་བཀྲ་ཤིས་རྫུ་འཕྲུལ་དང་ལྡན།   སྟག་གཟིགས་ཁལ་དུ་འགེལ།    ནམ་ཞིག་བྲག་རིན་ཆེན་སྤུངས་པ་ན།   མཁའ་འགྲོ་ལྔའི་སྒྲུབ་པ་མཛད་པས།   མོ་ལས་ཕོ་རུ་གྲུབ་ནས།   ཡབ་རྒྱལ་པོའི་སྤྱན་སྔར་བྱོན་པས།   ཀྱེ་སྲས་མཆོག་སྐྱེས་བུ་ཁྱད་པར་ཅན།   མོ་ལས་ཕོར་གྲུབ་ཅི་ལྟ་བུ་ཞེས་པས།   ང་ནི་འགྲོ་བའི་དོན་ལ་འོང་།   འཆི་མེད་གཙུག་ཕུད་སྤྲུལ་པ་ཡིན།   ཁོ་མོ་གཉེན་གྱི་གདུང་འཛིན་པའི།   གཉེན་ལི་ཤུ་སྟག་རིང་བྱ་བ་ལགས།   རྒྱལ་པོ་ཡབ་དང་ཁོ་མོ་སྲས།   སྐྱེ་བ་བདུན་ནས་ཡབ་སྲས་འབྲེལ་གསུངས་སོ།   དེར་མི་ལོ་བརྒྱད་ཅུ་རྩ་གཉིས་སུ་རྒྱལ་སྲིད་བཟུང་།   བོན་གྱི་བསྟན་པ་དར་རོ་ཅེས་གསུངས་སོ།   དགུང་ལོ་བརྒྱ་དང་བཅུ་གསུམ་པའི་དུས་ན།   ཞང་ཞུང་སྨར་གྱི་ཡུལ་དུ་བྱོན་ནས་བོན་རྣམས་བཙལ་ཏེ།   ཁྱད་པར་དུ་བསྒྲགས་པ་སྐོར་གསུམ་དམར་ཁྲིད་དང་བཅས་པ་ཞུས་སོ།   དེ་ནས་སྐད་རིགས་མི་མཐུན་པ་སུམ་བརྒྱའི་ཡུལ་དུ་བྱོན་ཅིང་།   ལ་ལར་དཔའ་བོར་སྤྲུལ་ཅིང་མཁའ་འགྲོའི་བཅུད་རྣམས་བླང་།   རེས་འགར་མཁའ་འགྲོར་སྤྲུལ་ཅིང་གྲུབ་ཐོབ་མཁའ་སྤྱོད་རྣམས་ཀྱི་དགོངས་པ་བླང་།   རེས་རྒྱལ་པོ་མཛད་ཅིང་ཞང་ཞུང་རྒྱ་གར་བྲུ་ཤ་རྣམས་ཀྱི་མངའ་མཛད་དོ།   དགུང་ལོ་ཉིས་བརྒྱ་དང་ལྔ་བཅུ་ང་བརྒྱད་པའི་དུས་སུ།   སྟག་གཟིག་གི་ཡུལ་འོལ་མོ་ལུང་རིང་དུ་བྱོན་ནས།   ཚེ་དབང་ཐོབ་པའི་བླ་མ་ཀུན་འོད་རྒྱལ་པོ་དང་།   བླ་མ་དམུ་ཙ་ཏྲ་ཧེ་པོ་དང་།   མུ་ཆོའི་སྐུ་འཚོབ་རྒྱལ་བ་དོན་གྲུབ་དང་གསུམ་ལ།   དབང་བར་པོ་སོ་བརྒྱད་དུ་ཞུས།   ངོ་སྤྲོད་ཁྲི་སྨོན་རྒྱལ་བཞད་དུ་བཏབ།   ལུང་རྣམས་ཤམ་པོ་ལྷ་རྩེར་གཏུགས།   མེ་ཏོག་གི་གླིང་ལ་དཀའ་སྤྱད་མཛད།   ཉམས་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་བསྐྱངས།   དགུང་ལོ་སྟོང་དང་ཉིས་བརྒྱའི་དུས་ན།   སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་བཅུ་གཅིག   ཁྲུང་ཁྲུང་ཀང་ཀ་བྱ་རྒོད་དུར་བྱ་བཞི་ལ་བཀལ་ནས།   དྲོ་ཐེབ་གཅིག་གིས་ཏི་ཙེ་རུ་ཕེབས།   དེ་ནས་དྲོ་ཐེབ་གཅིག་གིས་བསམ་ཡས་སུ་ཕེབས་ཅེས་སོ།   བསམ་ཡས་ལ་བྱ་དཀར་ནག་ཁྲ་གསུམ་ལས།   ཀང་ཀ་རྒྱ་གར་ཡུལ་དུ་རྒྱལ་ཕྲན་

གཅིག་གི་ཕྱག་ཏུ་བབས་པས།   ལྷག་བདག་སྔགས་གྲོལ་བྱུང་བའོ།   ཁྲུང་ཁྲུང་རྒྱ་ནག་ཡུལ་དུ་རྒྱལ་ཕྲན་གཅིག་གི་ཕྱག་ཏུ་བབས་པས།   ལེགས་ཏང་རྨང་པོར་བྱུང་བའོ།   བྱ་རྒོད་ཞང་ཞུང་ཡུལ་དུ་བབས་པས།   ཞང་ཞུང་སྡེ་བརྒྱད་ཡུལ་དུ་བོན་གྱི་ཆར་བབས་སོ།   ཕྱིས་མཁས་པ་མི་བཞིས་བོད་དུ་བསྒྱུར་བས།   རྒྱ་དཀར་ནག་གི་བོན་སྐོར་དུ་གྲགས་སྐད་དོ།   གཞན་ཡང་བླ་མ་ཆེན་པོ་དེ་ཡིས་བོད་ཡུལ་དུ།   གྲུབ་རྟགས་དུ་མ་ཞིག་བསྟན་ཏེ།    གཡག་རྒོད་དང་ཁྲུང་ཁྲུང་བཅིབས་པ་དང་།   ཡར་ལུང་གི་ཆུ་བོ་གྱེན་དུ་བསྒྱུར་བ་དང་།   རི་བོ་ཕྱག་གིས་ཁྱེར་བ་དང་།   ཉི་ཟླ་ཆ་ལང་དུ་བརྡེབས་པ་དང་།    བྱ་རྒོད་དུ་སྤྲུལ་ནས་འོག་མིན་བསྐོར་བ་དང་།   གཞའ་ཚོན་ལ་ཞོན་ནས་གླིང་བཞི་ཉུག་པ་ལ་སོགས་གྲུབ་རྟགས་དུ་མ་ཡོད་དོ།   གཉིས་པ་དེས་མཛད་པའི་སྙན་རྒྱུད་འདི་ཉིད་ཀྱི་ལོ་རྒྱུས་ནི།   དགུང་ལོ་ཉིས་སྟོང་སུམ་བརྒྱའི་དུས་སུ།   ཤེལ་གྱི་བྲག་དཀར་རྩེ་རྫོང་གཡུང་དྲུང་པད་མ་རིན་ཆེན་དང་།   འཁོར་ལོ་བཀའ་རྟགས་བརྩེགས་པའི་ཕྱག་རྒྱ་ཅན་གྱི་ཕུག་ན་༼དེ་ཡང་མངའ་རིས་ཀྱི་མང་ཡུལ་བྲག་སྟེང་བྱ་བ་དེ་ནའོ།༽དགོངས་པ་མཛད་ཅིང་བཞུགས་ཙམ་ན།   ལྷ་གཤེན་ཡོངས་སུ་དག་པའི་སྤྲུལ་པ་རྣལ་འབྱོར་པ་ནག་ཚེ་འཕེལ།   རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྤྲུལ་པ་རྣལ་འབྱོར་བ་རྟོག་པ་ཀུན་འཇོམས།   ཀླུ་གྲུབ་ཡེ་ཤེས་སྙིང་པོའི་སྤྲུལ་པ་རྣལ་འབྱོར་བ་གཅེར་བུ་མདུང་ཐོག་དང་གསུམ་གྱིས།   བླ་མའི་ཐུགས་ཀྱི་མཛོད་བསྐུལ་ཏེ།   ཀྱེ་བླ་མ་སྙ་ཆེན་པོ་ལགས།   དུས་མཐའི་སེམས་ཅན་ཚེ་ཐུང་ཞིང་གུ་བྲེལ།   ཉམས་སུ་བླང་བའི་ལོང་མེད་པར་ཚེའི་དུས་བྱས་ནས།   འཁོར་བ་མཐའ་མེད་དུ་འཁྱམས་པ་རྣམས་ཀྱི་དོན་དུ།   ཡང་དག་པ་དོན་གྱི་གནས་ལུགས།   བཀའ་རྒྱུད་ཐམས་ཅད་ཀྱི་སྙིང་པོ།   བླ་མའི་ཐུགས་ཀྱི་དགོངས་པ།   སྙན་རྒྱུད་ཁྱད་པར་ཅན་གྱི་གདམས་ངག་ཅིག་མེད་ན།   རྒྱུད་ཐམས་ཐད་ནི་གོང་འོག་གི་དམིགས་འཁྲུགས།   ལུང་ཐམས་ཅད་ནི་སྟོང་པ་རྒྱས་བཏབ།   མན་ངག་ཐམས་ཅད་ནི་ཚིག་ལ་འཕྱོས་ཏེ་བསྡུས་དཀའ།   བླ་མ་རྣམས་ཀྱིས་གསུངས་པའི་དགོངས་པ་ཐམས་ཅད་ཀྱང་།   ཟབ་ཅིང་གཏིང་རིང་ལ་ཤིན་ཏུ་ཆ་འཕྲ་བས།   གོ་ཞིང་རྟོགས་པ་ནམ་ལངས་པའི་སྐར་མ་བས་ཉུང་།   དེའི་ཕྱིར་ན་སྙན་རྒྱུད་ཁྱད་པར་ཅན།   གདམས་ངག་ཚིགས་སུ་ཉུང་བ།   དོན་དུ་ཟབ་པ།   དོན་ཉམས་སུ་བླང་བདེ་བ།   བླང་ན་ཕན་ཡོན་ཆེ་ཞིང་ལྟ་དགོངས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ།   ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོར་གྱུར་པའི་སྙན་རྒྱུད་ཁྱད་པར་ཅན་གྱི་གདམས་ངག་ཅིག་ཞུ།   ཞེས་ཐུགས་ཀྱི་མཛོད་བསྐུལ་བས།   བླ་མས་ཀྱང་དེ་ལྟར་ཡིན་པར་དགོངས་ནས།   ལུང་གི་དབྱིངས་ཕྱུང་།   རྒྱུད་ཀྱི་དོན་བཀྲོལ།   མན་ངག་གི་གནད་བསྡུས།   དགོངས་པའི་ཀློང་བརྟོལ་ནས།   གང་ཟག་བློ་དངོས་གསུམ་གྱི་དོན་དུ།   བསྒྲགས་པ་སྐོར་གསུམ་དང་།   གཞན་ཡང་སྔགས་སེམས་རྒྱུད་ལུང་ཐམས་ཐད་ཀྱི་དོན་བསྡུས་ཏེ།   སྙན་རྒྱུད་ཡང་རྩེ་ཀློང་ཆེན་འདི་ནི།   བླ་མ་སྙ་ཆེན་པོའི་ཐུགས་ཀྱི་དགོངས་པ་མན་ངག་གི་གནད་ཕྱུང་པ་ཡིན་ནོ།   དེ་ལྟར་མཛད་པ་ཡང་གདུལ་བྱ་དུས་ལ་བབས་པར་དགོངས་ནས།   ཡེ་གཤེན་གཙུག་ཕུད་ལི་ཤི་སྟག་རིང་དུ་སྤྲུལ།   ལྷ་ཀླུ་མི་གསུམ་རྣལ་འབྱོར་བ་གསུམ་དུ་སྤྲུལ་ནས།   བསྟན་པའི་མདོ་བཟུང་བས།   ཕྱི་རབས་རྣམས་ལ་ལི་ཤུ་སྟག་རིང་ཤིན་ཏུ་བཀའ་དྲིན་ཆེའོ།    བོན་འདི་༼ཡོང་རྩེ་ཀློང་ཆེན༽ཀུན་བཟང་གིས་གསུངས་སམ་ལི་ཤུས་གསུངས་ཞེས་ན།   ཀུན་བཟང་གིས་རྒྱུད་ལུང་མན་ངག་གསུམ་དུ་གསུངས།   ལི་ཤུས་དེ་དག་གི་བཅུད་བསྡུད་ནས་མན་ངག་ལག་ལེན་དུ་བཀོལ་བའོ།   ལི་ཤུ་ནི་གཞན་དོན་དུ་གདུལ་བྱའི་སྣང་ངོ་ལ་རིག་འཛིན་ལྟར་སྣང་ཡང་།   ངོ་བོ་ནི་སངས་རྒྱས་ཡིན་ཏེ།   ལི་ཤུ་བསྐལ་སྟོང་སངས་རྒྱས་ཀྱི་ངོ་བོ་ཡིན་པར་ལུང་ནས་བཤད་དོ།   དེ་ལྟར་ལི་ཤུ་དང་ཀུན་བཟང་གཉིས་སུ་མེད་པའི་རང་བཞིན་དུ་ཤེས་པར་མཛོད།   

བླ་མ་སྙ་ཆེན་པོ་ལི་ཤུ་སྟག་རིང་གི་དགོངས་པ།   ཞེས་པ།   གོང་མར་གྱུར་པས་ན་བླ།   འགྲོ་བ་བུ་ལྟར་སྐྱོབ་པས་ན་མ།   སྙ་ནི་རུས་པ་རྒྱལ་པོའི་རྒྱུད་ཡིན་པས་ན་ཆེན་པོ།   ལི་ཤུ་ནི་བསྐལ་སྟོང་སངས་རྒྱས་ཀྱི་ངོ་བོ་ཡིན་པས་སོ།   ཉོན་མོངས་འཁོར་བའི་གཡུལ་ལས་རྒྱལ་བས་ན་སྟག   ཉིས་སྟོང་ལྔ་བརྒྱར་འགྲོ་དོན་མཛད་པའམ།   ཐུགས་རྗེའི་འགྲོ་དོན་རྒྱུན་དུ་མཛད་པས་ན་རིང་།   དགོངས་པ་ནི་ཉམས་གསུམ་དྲོད་བཞི་རྟགས་དྲུག་གོ

༼ཉམས་གསུམ།༽   ༼དྲོད་བཞི།༽   ༼རྟགས་དྲུག་གོ༽         

༼༡ཉམས་གསུམ་ནི།   །སྣང་བ་དབང་དུ་འདུས་པས་འཁོར་བཅས་ལྷུན་གྱིས་གྲུབ།   །སྐུ་ལུས་ཤིང་བལ་ལྟར་ཡང་བས་ཕྱི་ཡི་ཉམས་དང་ལྡན།   །རིག་པ་འགག་པ་མེད་པས་རྩོལ་བྲལ་འཛིན་པ་ཞིག   །ཡེ་ཤེས་མཁའ་ལ་འཕུར་བས་ནང་གི་ཉམས་དང་ལྡན།   །རླུང་སེམས་ཐ་དད་མེད་པས་དབྱེར་མེད་ཐིག་ལེར་གྲོལ།   །ཟུང་འཇུག་གནད་དུ་ཚུད་པས་གསང་བའི་ཉམས་དང་ལྡན།

༼༢དྲོད་བཞི་ནི།   །འབྱུང་བ་དབང་དུ་འདུས་པས་ཕྱི་ཡི་དྲོད་དང་ལྡན།   །རླུང་སེམས་གནད་དུ་ཚུད་པས་ནང་གི་དྲོད་དང་ལྡན།   །གཉིས་མེད་དོན་ལ་བདེ་བས་གསང་བའི་དྲོད་དང་ལྡན།   །ཟུང་འཇུག་ཕྱག་རྒྱར་གྲོལ་བས་མཐར་ཕྱིན་དྲོད་དང་ལྡན།

༼༣རྟགས་དྲུག་ནི།   །སྣོད་བཅུད་སལ་ལེ་གསལ་ལགས་པས།   །མངོན་ཤེས་ལྔ་དང་ལྡན་པའི་རྟགས།   །ཐུགས་རྗེ་ལ་བྲི་བཀོལ་མི་བདོག་པས།   །འགྲོ་དྲུག་ཕ་མ་ཡིན་པའི་རྟགས།   །བརྟུལ་ཤུགས་ཀྱི་སྤྱོད་པ་སྣ་ཚོགས་མཛད།   །སྣང་བ་ལམ་དུ་སློང་པའི་རྟགས།   །མཁྱེན་སྤྱོད་༼དཔྱོད༽ཐེག་པའི་སྟོབས་མངའ་བས།   །སྡེ་སྣོད་རྒྱུད་ལས་རྫོགས་པའི་རྟགས།   །མི་མཐུན་རྐྱེན་ལ་ཐོག་རྫིས་མཛད།   །འགལ་བ་ལམ་དུ་སློང་པའི་རྟགས།   །རང་གྲོལ་ཆེན་པོའི་དགོངས་པ་གསལ།   །རྫོགས་ཆེན་གྱི་ལྟ་བ་རྫོགས་པའི་རྟགས།


སྤྱིར་མཚན་གདགས་ལུགས་ལ་མང་ཡང་།   དེ་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་ནི་དཔེ་ལས་བཏགས་པ་དང་།   འབྲེལ་བ་རྒྱུ་མཚན་དུ་བྱས་པ་ནི་དཔེ་དོན་ཟུང་འབྲེལ་ལ་བཏགས་པའོ།   འདིར་དཔེ་འདྲ་བ་རྒྱུ་མཚན་དུ་བྱས་ནས་གདགས་པ་ནི།   ཡོང་རྩེ་ཀློང་ཆེན་ཞེས་པ།   སྣང་སྲིད་ཡོངས་ཀྱི་རྩེ་མོ་ནམ་མཁའ་ཡིན་པས་ན་ཡང་རྩེ།   ནམ་མཁའི་ཀློང་དུ་སྣང་སྲིད་མི་གནས་པ་དང་མ་བྱུང་བ་མེད་པས་ན་ཀློང་།   ནམ་མཁའ་ལ་ཚད་བཟུང་མེད་པས་ན་ཆེན་པོའོ།   འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ནི།   འཁོར་འདས་བོན་ཡོང་གི་རྩེ་མོ་བླ་མེད་ཐེག་པའི་སེམས་ཉིད་ཡིན་པས་ན་ཡང་རྩེ།   བོན་ཉིད་དང་སེམས་ཉིད་ཀྱི་ཀློང་ནས་བོན་ཅན་དང་འཁོར་འདས་ཐམས་ཅད་མི་གནས་པ་དང་མ་བྱུང་བ་མེད་པས་ན་ཀློང་།   བོན་ཉིད་སེམས་ཉིད་ལ་ཚད་བཟུང་དུ་མེད་པས་ན་ཆེན་པོའོ།   

སྤྱི་ལོ་/༢༠༡༨//༡༣/ཉིན་རྩེ་དྲུག་གྲྭ་བཙུན་ཚུལ་ཁྲིམས་རྒྱལ་མཚན་ནས། 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.