སྤྲོས་མེད་དོན་དམ་ཤེས་བྱ་ཡིན་པར་འདོད་དོ།།
༧ ཚད་མ་སྨྲ་བའི་ཐལ་སྐད་ཀྱི་བྲག་ཆ་ཡིས་འོད་ལ་འོད་འཐབ། སྒྲ་ལ་སྒྲ་འཁྱུད་ཐལ་སྐད་ལ་ཚ་སྐད་མཐུད་དེ། སྤྲོས་མེད་དོན་དམ་ཤེས་བྱ་ཡིན་མིན་ལ་འུར་ལྷང་ལྷང་དང་། གདོང་དམར་དམར་བྱེད་བཞིན་ཁས་ལེན་མི་འདྲ་བ་བརྒྱ་ཡི་བར་སྣང་ནས་རིག་སྨྲ་བ་ཚོ་ལྡིང་སྐོར་རྒྱག་བཞིན་པ་རེད། སྤྲོས་མེད་དོན་དམ་གྱི་ངོ་བོའི་གནས་སྟངས་དེ་སྦྲུལ་མདུད་ལག་པས་བཤིག་ནས་མི་ཁྲོལ་གནམ་ལ་འཕང་དང་རང་བཞིན་ཞིག་ཟེར་བ་ལྟར། དོན་གྱི་ངོ་བོའི་ཡིན་ལུགས་ནས་ཤེས་བྱ་ཡིན་མིན་གྱི་ཕྱོགས་མཐའ་གང་ལ་མ་རེག་གོ། གཞན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་བོན་ཐམས་ཅད་ང་ཚོ་ཐ་སྙད་ཚད་གྲུབ་སྨྲ་བ་ཚོས་ཐ་སྙད་ཚད་མ་དང་། དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་སྲང་ཁ་ནས་ཡོད་མེད་མཚན་མཚོན་སོགས་ཀྱི་བརྡ་རུང་བ་ཙམ་ལ་དཔྱོད་ཤེས་ཀྱི་བློ་མིག་སྦྱོང་བའི་བརྒྱུད་རིམ་ཁྲོད་དང་། དཀའ་གནད་ཀྱི་མདུད་པ་དཀྲོལ་བའི་རིག་ལམ་གསེབ་ནས། སྤྲོས་མེད་དོན་དམ་ཤེས་བྱ་ཡིན་མིན་དང་ཡོད་མེད་སོགས་ལ། དང་པོ་ཚིག་སྤྱི་ཙམ་དང་དེ་ནས་དོན་དམ་གྱི་མྱོངས་བ་མ་ཐོན་གྱི་བར་ལ་བརྟགས་དཔྱད་བསྲེགས་གསུམ་བརྡར་བའི་གསེར་བཙོ་མ་བཞིན་བྱེད་དགོས་པ་ནི། འཁོར་འདས་ལམ་གསུམ་གྱི་ཡིན་ལུགས་ངོ་ཤེས་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་རེད། དེའི་ཕྱིར་སྤྲོས་མེད་དོན་དམ་ཤེས་བྱ་ཡིན་མིན་སྐོར་ནས་ཁོ་བོའི་རིག་ལམ་གྱི་བར་གསེང་ནས་རྙེད་པའི་བསམ་ཚུལ་བ་སྤུ་ཕྲ་མོ་ཞིག་འདི་ནས་བཀོད་པ་ལ། ང་ཚོ་ཚང་མས་དང་པོ་ཉིད་ནས་ཀུན་མཁྱེན་གྱིས། གཞི་གྲུབ་ན་རྗེས་དཔག་ཚད་མའི་ཡུལ་ཡིན་པས་ཁྱབ་གསུང་པའི་ཁྱབ་མཐའི་རལ་གྲི་དེ་གནམ་ལ་ཕྱར། འགྲོ་མགོན་བླ་མས་སྤྲོས་མེད་དོན་དམ་དེ། རྣལ་འབྱོར་མངོན་སུམ་གྱིས་གཞལ་བྱ་ཡིན་ལ་ཤེས་བྱ་མ་ཡིན་གསུངས་པའི་ཚིག་ཟིན་ཤོག་ཐོག་གིས་ཁོག་བརྒྱངས། རྗེ་རིན་པོ་ཆེས་སྤྲོས་མེད་དོན་དམ་ཤེས་བྱ་མ་ཡིན་ན། ཕུལ་དུ་ཕྱིན་པའི་བློ་གྲོས་ཀྱི་ཡུལ་མ་ཡིན་པ་ཐལ། བློས་ཡུལ་དུ་བྱ་རུང་བ་མ་ཡིན་པའི་ཕྱིར། འདོད་ན་ཤེས་བྱ་ལ་སོགས་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་གསུངས་པའི་རྒྱུ་མཚན་དང་ཐལ་ལན་གྱིས་གློ་བུར་དངངས་སྐྲགས་ཤིག་སྐྱེས་ཏེ། ཟུར་གསུམ་གྱོད་ཀྱི་འཐབ་ར་སུམ་དཀྱིལ་བཅས། སྤྲོས་མེད་དོན་དམ་དེ་འགལ་འདུ་བརྒྱ་ཡི་གཡུལ་ཤོམ་དུ་བཀོད་གཏོང་བ་དེ་སྤྲོས་མེད་དོན་དམ་ཤེས་བྱ་ཡིན་མིན་གྱི་ཉེས་པ་མ་རེད། ཟུར་གཅིག་ནས་ང་ཚོའི་དཔྱོད་ཤེས་ཀྱི་བློ་མིག་ཕྲ་ལ་ཁབ་མིག་དོག་པའི་སྐྱོན་ཆ་དང་། ཕྱོགས་གཞན་ནས་ལེགས་ཉེས་ཀྱི་བླང་དོར་འབྱེད་ལ་དོགས་དཔྱོད་ཟབ་པའི་ཁེ་དཔོག་ཀྱང་རེད། ཁོ་བོའི་བསམ་ཚུལ་ལ་ཀུན་མཁྱེན་གྱིས་གཞི་གྲུབ་ན་རྗེས་དཔག་ཚད་མའི་ཡུལ་ཡིན་པའི་ཁྱབ་གསུངས་པ་དེ། གོང་གི་ཐེག་ཆེན་གྱི་གཞུང་ཕལ་ལས་མ་གསལ་བར་ལས་དང་པོའི་མཇུག་སྒོ་ཐུན་མོང་བསྡུས་གྲྭའི་རྣམ་བཤད་ལས་གསུངས་པ་དེ། གཅིག་ནས་ཐེག་པ་ཆུང་ངུའི་ལུགས་དང་། གཉིས་ནས་གཙོར་སོ་སོའི་སྐྱེ་བོ་གཞིར་བཞག་བྱེད་ནས་གསུངས་པ་ལས་དམ་པ་འཕགས་པ་སོགས་ལ་གཞལ་བྱ་དང་པོ་ཉིད་དུ་རྟོགས་པ་ལ་དེ་རྟོགས་རྗེས་དཔག་ཚད་མ་སྐྱེ་མིན་གལ་དུ་མི་ཆེའོ།། སྤྲོས་མེད་དོན་དམ་ཞེས་མཚན་སྙན་ཟབ་མོ་ཞལ་དུ་བསྒྲགས་པ་ནས། ཐེག་པ་ཆེན་པོ་བའི་ལུགས་ལས་ཐེག་པ་ཆུང་ངུའི་ལུགས་ལ་སྤྲོས་མེད་དོན་དམ་གྱི་སྐད་ཆ་མེད་པ་གཞུང་གོང་འོག་མང་པོས་ཤེས་གསལ་རེད། སྤྱིར་གཞི་གྲུབ་ན་རྗེས་དཔག་ཚད་མའི་ཡུལ་ཡིན་པའི་ཁྱབ་པ་ཡོད་མེད་བཤད་པ་ལ་ཡང་། སོ་སྐྱེ་དང་འཕགས་པ་ཐུན་མོང་གི་དབང་དུ་གཏོང་ན་ཡང་གཞི་གྲུབ་ན་རྗེས་དཔག་ཚད་མའི་ཡུལ་ཡིན་པའི་མ་ཁྱབ་སྟེ། དཔེར་ན་རྣམ་རྟོག་ལས་ཉོན་གྱི་ཞེན་འཛིན་དག་པའི་སངས་རྒྱས་ནང་ཕན་ཚུན་ཁོ་ནས་སྤྱོད་ཡུལ་དུ་གྱུར་པའི་ངོ་བོ་ཉིད་སྐུ་དེ་གཞི་གྲུབ་ཀྱང་རྗེས་དཔག་ཚད་མའི་ཡུལ་མ་ཡིན་པ་བཞིན་ནོ།། ཕྱོགས་གཅིག་ནས་ཡུལ་ལ་མངོན་གྱུར་དང་ལྐོག་གྱུར་དང་། འཇམ་བྱེད་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་བཤད་པ་དེ་ཡང་སོ་སོའི་སྐྱེ་བོ་གཞིར་བཞག་ལས་འཕགས་པ་ལ་དེ་ཙམ་གལ་དུ་མི་ཆེ་བ་ཅི་ལ་བཤད། རྗེ་ཡི་ཚད་མ་ནང་དུ་བཀོད་པའི། དོན་དམ་བློ་ཡི་སྤྱོད་ཡུལ་མིན།། བློ་ནི་ཀུན་རྫོབ་རྟོག་བཅས་ཡིན་ཞེས་གསུངས་པའི་བློ་དང་། རྗེ་ཡི་ས་ལམ་ལས། དོན་དམ་སྤྲོས་བྲལ་བློར་མི་ལྟོས་ཞེས་པའི་བློ་དང་། ཀུན་བཏུས་ཚད་མ་ལས། སྤྲོས་མེད་དོན་དམ་བློ་ལས་འདས་ཞེས་པའི་བློ་གསུམ་ཀ་བློ་རིག་ཙམ་ལ་མི་འཇོག་ཞེན་འཛིན་རྟོག་པའི་བློ་ལ་འཇོག རྗེ་རིན་པོ་ཆེ་ཡིས་རྟོག་པའི་དངོས་ཡུལ་མ་ཡིན་པ་ལ་དགོངས་པ་ཞེས་པ་དེ་ཡང་། རྒྱུན་ལྡན་ང་ཚོས་རྟོག་པའི་སྣང་ཡུལ་དང་དངོས་ཡུལ་དོན་གཅིག་ཞེས་པའི་སྒྲ་དོན་སྣང་བའི་དངོས་ཡུལ་ལ་མི་འཇོག ཞེན་རྟོག་གི་བློ་ཡིས་དངོས་སུ་དམིགས་ཡུལ་བྱེད་ནས་འདི་དང་འདི་ཞེས་ངོས་བཟུང་བྱེད་མ་ནུས་པའི་དོན་ལ་འཇོག་དགོས་པར་སྙམ། གཞན་ནམ་མཁའ་དང་རྟག་པ་ལ་སོགས་རང་འཛིན་རྟོག་པས་འདི་དང་འདི་འོ་སྙམ་པའི་ཆ་རུ་བཏགས་པ་བཞིན་གནས་སྟངས་ལ་ཡང་དེ་དང་ཕྱོགས་མཚུངས་སུ་གནས་ཡོད། སྤྲོས་མེད་དོན་དམ་དེ་ཞེན་འཛིན་རྟོག་པའི་ཡུལ་དུ་མི་བྱེད་དེ། ཡོད་པ་ཡིན་ཡང་ཞེན་རིག་གི་རྟོག་ངོ་ལ་འཆར་ཚོད་ཙམ་དུ་མ་གནས་པས་སོ།། ཚོགས་སྦྱོར་སྐབས་ཀྱི་འཇིག་རྟེན་གྲགས་སྡེའི་དོན་དམ་དེ་རྣམ་རྟོག་གིས་དངོས་ཀྱི་དམིགས་ཡུལ་ཡིན་ལ། འཇིག་རྟེན་པའི་ཞེན་རིག་རྟོག་པ་ཚད་མ་ལ་གྲུབ་པའི་དོན་དམ་ཙམ་ལས་ཡང་དག་ཇི་བཞིན་གྱི་དོན་དམ་མ་ཡིན་ནོ།། སྤྲོས་མེད་དོན་དམ་གྱི་ཆ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དངོས་ཀྱི་དམིགས་ཡུལ་ཡིན་ལ། སྤྲོས་མེད་དོན་དམ་གྱི་ཆ་དེ་འཇིག་རྟེན་གྲགས་སྡེའི་དོན་དམ་མ་ཡིན་ནོ།། རྒྱུ་མཚན་ནི་འགྲོ་མགོན་བླ་མས་གསུངས་པ་བཞིན་རྣལ་འབྱོར་མངོན་སུམ་གྱི་གཞལ་བྱ་ཡིན་པས་སོ་ཞེས་གསུངས་པ་དང་། སྤྲོས་མེད་དོན་དམ་ནི་རྣལ་འབྱོར་མངོན་སུམ་གཉིས་སྣང་ནུབ་སའི་ཟབ་མོ་གཏམ་གྱི་དོན་དམ་ལས་གཞན་གང་ལ་ཡང་འཇུག་ས་མེད་དེ། འགྲོ་མགོན་བླ་མས་རྣལ་འབྱོར་མངོན་སུམ་གྱིས་གཞལ་བྱ་ཡིན་ཡང་ཤེས་བྱ་མ་ཡིན་ཏེ། རྣལ་འབྱོར་མངོན་སུམ་གྱིས་ཡུལ་དང་ཡུལ་ཅན་དབྱིངས་ཤེས་དབྱེར་མེད་དུ་གཟིགས་པའི་ཕྱིར་ཞེས་གསུངས་པའི་ལུང་དེས་སྤྲོས་མེད་དོན་དམ་དེ་གཉིས་སྣང་ཅན་གྱི་ཞེན་རིག་གིས་ཡུལ་དུ་མི་བྱེད་པ་ཤུགས་ལ་དཔོག་ནུས་སོ།། རྣལ་འབྱོར་མངོན་སུམ་དེ་འཇིག་རྟེན་པའི་ལམ་གྱི་སྐབས་སུ་ཡོད་པར་དོགས་པ་ཁྱོན་ནས་མི་དགོས་ཏེ། ཉེར་རྒྱུ་ཚོགས་སྦྱོར་གྱི་ལམ་མ་འགག་ནས་འབྲས་བུ་རྣལ་འབྱོར་མངོན་སུམ་མི་སྐྱེ་བ་དེ་ནི། ནས་ཀྱི་ས་བོན་མ་འགག་པ་འབྲས་བུ་སྨྱུ་གུ་མི་སྐྱེ་བ་མངོན་སུམ་ཚད་གྲུབ་ལྟར་རེད། མདོ་ལས། སྨྲ་བསམ་ཚིག་ལས་འདས་ཏེ་བརྗོད་དུ་མེད་གསུངས་པ་དང་། ཡང་ཀུན་བཏུས་ལས་གསལ་བའི། འདས་པའི་བོན་ལ་ཡེ་ནས་བརྗོད་དུ་མེད།། འདི་ཞེས་བྱ་བའི་ཐ་སྙད་ནི།། གཤེན་རབ་ཉིད་ཀྱིས་མི་མཁྱེན་ནོ་ཞེས་གསུངས་པ་དང་། རྗེ་རིན་པོ་ཆེ་ཡི་ས་ལམ་གཞུང་ལས། དོན་དམ་སྤྲོས་བྲལ་བློར་མི་ལྟོས། ཞེས་གསུངས་པ་དང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ཞེས་གསུངས་པ་དང་། སྤྲོས་མེད་དོན་དམ་ཤེས་བྱ་མིན་གསུངས་པ་སོགས་སྣ་བརྒྱ་དོན་གཅིག་གི་ལམ་དང་། ཆུ་བརྒྱ་ཟམ་གཅིག་གི་འོག་ཏུ་བསྡུ་རུག་བྱེད་པའི་དབང་དུ་གཏོང་དུས། སྤྲོས་མེད་དོན་དམ་དེ་སོ་སོ་སྐྱེ་བོའི་རྒྱུད་ཀྱི་བརྗོད་བྱེད་ཀྱི་སྒྲ་དང་ཞེན་བྱེད་རྟོག་པ་སོགས་ཀྱིས་འདི་དང་དེ་ཞེས་གང་ཡང་འཇོག་ཏུ་མི་བཏུབ་པར་ཞེན་རིག་རྟོག་པའི་བློ་ཡི་དམིགས་ཡུལ་མཐའ་ཐུག་ལས་འདས་པའི་དོན་ལས་སྤྱིར་བློ་ལས་མ་འདས་སོ།། གོང་གི་དོན་དམ་ཀུན་པོ་གནད་གཅིག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཟབ་མོ་གཏམ་གྱི་དོན་དམ་ལ་འཇོག་དགོས་པར་སྙམ། འགྲོ་མགོན་བླ་མས་རྣལ་འབྱོར་མངོན་སུམ་གྱི་གཞལ་བྱ་ཡིན་ཡང་ཤེས་བྱ་མ་ཡིན་གསུངས་པ་དེ་རྣམ་རྟོག་གི་བློ་ཡིས་གཞལ་བྱ་མ་ཡིན་པ་ཙམ་ལ་འཇོག་དགོས་པར་སྙམ་མོ།། མདོར་བསྡུས་ན། ཤེས་བྱ་གཞལ་བྱ་དོན་གཅིག་འདོད། སྤྲོས་མེད་དོན་དམ་ཤེས་བྱར་འདོད། སྤྲོས་མེད་དོན་དམ་ཤེས་བྱ་ཡིན་ཏེ་ཁྱོད་ཡུལ་དུ་བྱེད་པའི་བློ་ཚད་མ་ཡོད་པས་སོ།།
གང་གི་བསམ་ཚུལ་ཐོར་བུ་འདི་ནི་དཔྱོད་ལྡན་མཁས་པ་དགྱེས་པའི་དཔྱད་རྩོམ་མ་ཡིན་ལ། མང་ཐོས་རིག་སྨྲ་མགུ་བའི་གཏན་ཚིགས་ཀྱང་དེ་བས་མ་ཡིན། ང་རང་ད་ནངས་འཆད་ར་ནང་དུ་བསྐྱོད་ཁའི་བར་གསེང་གི་སེམས་ཀྱི་རྟོག་འཆར་ཤོག་ངོས་སུ་ཕབ་པའོ།།
2018/10/3/ ཉིན་/ཁྱུང་བསོད་བློས/འཆད་ར་འཚོགས་ཁ་ཤར་བྲིས་བྱས་སོ།།