སྙན་ངག་མེ་ཏོག་ཆ་འགྲིག
རི་བོ་ཞི་ཚོགས་འདྲ་བའི་ཉག་ཀ་དེ་ནས།
ཚོར་བ་སྤྲིན་དཀར་དཔུང་པའི་མེ་ཏོག་ཆ་འགྲིག
དཀར་ཤ་གཞོན་ལོ་འབུས་པའི་སྨྱུག་སོ་ཐོགས་ནས།
དགུང་གི་ཤར་མཐའི་ཕྱོགས་ལ་རྒྱང་ལྟས་བྱས་ཡོད།
ཚོར་བ་རྐྱེན་ས་ཞིག་གི་གམ་དུ་འཁྲས་དུས།
བག་ཆགས་ཟབ་ས་ཞིག་ནས་ཞིབ་ཏུ་མོལ་ཏེ།
ལང་ཚོ་སྙི་ས་ཞིག་ནས་ལག་གིས་འཁྱུད་པའི།
ལྟ་སྤྱོད་མཐུན་ས་ཞིག་ནས་སྟབས་ཤིག་འགྲིག་གོ
ཀུན་འཛུམ་ཉི་མ་ཤར་བའི་རྩི་ཏོག་གསེབ་ནས།
དབྱར་གཞུང་གན་ལ་བཀྲ་བའི་ཟེ་འབྲུ་དམར་མོ།
ལང་ཚོ་ལྡེམ་ལྡེམ་གཡོ་བའི་མེ་ཏོག་ཆ་གཅིག
དགོད་སྒྲ་ལྷང་ལྷང་འཚེར་བའི་སྙན་ངག་ཡིན་འགྲོ
གསེར་གྱི་ཁ་བ་བབས་པའི་སྤང་ཁ་ཞིག་ལ།
གསང་གཏམ་འདབ་ལོ་རེ་རེ་ཡིད་ཀྱིས་རུམ་ཡོད།
ཁ་ཆར་རླན་བཅུད་རོལ་བའི་ཉི་མ་ཞིག་ལ།
མཛེས་ལྡན་ཞི་བའི་མེ་ཏོག་སེམས་ཀྱིས་སྒུག་ཡོད།
གསར་བུ་ལང་ཚོ་དམར་མོར་ལག་གིས་འཁྱུད་ལ།
རྡོག་ཁའི་གོམ་བསྐྱོད་ཚ་མོ་སྟང་སྟབས་གཅིག་པའི།
དབྱངས་གསལ་ཡིག་འབྲུ་བཀྲ་བའི་མེ་ཏོག་ཆ་འགྲིག
མཛེས་སྡུག་འདབ་ལོས་བརྒྱན་པའི་སྙན་ངག་ཡིན་འགྲོ
རྔམ་པའི་གངས་རི་མཚོ་གསུམ་གཟི་འོད་ཆེ་ལ།
འཛུམ་པའི་རྩི་ཐོག་སྣ་མང་མགོ་ལྕོགས་ལྡེམ་ལྡེམ།
རྡོག་ཁ་རུག་རུག་བསྐྱོད་པའི་མེ་ཏོག་ཆ་འགྲིག
སྐྱིད་སྡུག་ལབ་གླེང་ཚ་བའི་སྙན་ངག་ཡིན་འགྲོ
དམར་སེར་ཁྱུ་ཚོགས་སྤུངས་པའི་གསེབ་ཀ་དེ་ནས།
ཚངས་སྤྱོད་ཚུལ་ཁྲིམས་པད་ལོའི་དྲི་བསུང་འཐུལ་ལ།
མཛངས་ལྡན་སྙན་ངག་ལྷ་མོ་གྲོགས་སུ་བཀུག་པའི།
སྣང་སྲིད་ངག་ལ་གྱེར་བའི་གླུ་ཞིག་ལེན་འགྲོ
ཁ་དོག་མི་ཚེའི་གཏན་གྱི་མདུན་མ་གཅིག་སྟེ།
རིམ་དགུ་ཐེག་པ་བརྩེགས་སའི་གཞིས་ཀ་ཞིག་དང་།
ཆབ་ནག་ཆོ་ག་གྱེར་བའི་མཚེར་ས་ཞིག་ལ།
གསལ་བྱེད་གདངས་ཀྱིས་བརྒྱན་པའི་པོ་ཏི་གཅིག་ཡིན།
ཇི་སྲིད་ཚེ་ཁ་མ་རལ་དེ་སྲིད་ཅིག་ལ།
རུམ་ཁའི་སྙན་ངག་མེ་ཏོག་ཡིད་ཀྱིས་མི་འབོར།
ཆུ་དང་ཆར་པས་མི་བསྣོག་དམ་བཅའ་བཙན་པོ།
རྡོ་དང་དབྱུག་པའི་སྟེང་ལ་ཇི་སྙེད་བརྐོས་ཡོད།
སྤྱི་ལོ/ ༢༠༡༨/༨/༡༡/ཉིན་ཞོགས་ཀ་ཁྱུང་བསོད་བློ་ནས་བྲིས་སོ།།