དེ་རིང་སྤང་ལ་འཁྲས་པའི་ང་རང་།
རི་བོ་ཞི་ཚོགས་འདྲ་བའི་ཉག་ཀ་ནས།
ཚོར་བ་སྤྲིན་དཀར་དཔུང་པའི་ཁེར་རྐྱང་ངས།
དཀར་དམར་རྩི་ཏོག་བཀྲ་བའི་ཁང་གསེང་ནས།
དགུང་གི་ཤར་མཐའི་ཕྱོགས་ལ་རྒྱང་ལྟས་བྱས།
ཚོར་བ་ཉིན་ནས་བཞད་པའི་ཉི་མ་ལ།
སྔོ་ལྗང་སྣ་བརྒྱ་འཛུམས་པའི་ཁོར་ཡུག་ནས།
རང་བྱུང་མེ་ཏོག་བརྒྱ་ལ་ཡིད་སྨོན་ཤོར།
སོས་དལ་ངལ་གསོའི་སྤྲོ་བ་སྤང་ལ་ཆས།
གཡའ་བྲག་རྫ་སྤང་འདྲེས་མའི་སྒང་ཟེ་དང་།
དྭངས་གཙང་གངས་ཆུ་བཞུར་བའི་སྤང་གཤོང་ནས།
རང་བྱུང་རི་བོའི་ཆབ་ལ་མཆོད་ཀ་བྱས།
སྤང་རྩི་འདྲིལ་ལོག་གསེབ་ཏུ་ང་རང་ཡོད།
ཚོར་བ་སྙི་མོ་ཞིག་གི་རྩེད་ས་དང་།
དུང་བ་ཟབ་མོ་ཞིག་གི་སྤང་ཐང་ལ།
ཡ་མེད་ཁེར་རྒྱུགས་ཐུབ་པའི་མི་བུ་དང་།
དབྱར་ལྗོངས་རྩི་ལ་འཁྲས་མཁན་ང་རང་ཡིན།
བརྡ་ཞིག་གཏོང་ཡང་གྲོགས་པོ་ཁྱེད་མ་ཁོམ།
རེ་ཞིག་བཅས་ཀྱང་ལྷན་འཛོམས་སྟབས་མ་འགྲིག
འབྲེལ་ཐག་ཉེ་སའི་གྲོགས་ལ་སྒུག་གྲངས་མང་།
སྔ་ཆའི་དགུང་གི་ཉི་མ་རྫོགས་སར་སླེབས།
ད་ནི་ཕྱི་ལྟས་མེད་པའི་ཡིད་ཆོད་ཀྱིས།
གང་ལ་རེ་དོགས་མེད་པའི་གླིང་ཁ་ནང་།
ཚོར་འདུ་ཚིག་ལ་བཀྱོན་པའི་སྟབས་ཀ་འགྲིག
ཚོར་བའི་སྲབ་ཁ་གློད་ནས་ང་རང་ཆས།
༢༠༡༨/༨/༩/ཉིན་དྲོ་གཞུང་རྩི་ཏོག་དཀར་དམར་གསེབ་ནས་ཁྱུང་བསོད་བློ་ནས་ཤར་ཤར་འཁྱུག་གོ།